མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སློབ་སྟོན་དང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་སོགས་ལས་ཁུངས་ཀྱིས་མཉམ་དུ་འཆར་ཟིན་བཀོད་པའི《སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཀྱི་ཆེད་ཁེ་རིན་ཐང་དཔྱད་འཇོག་ལམ་སྟོན》(གཤམ་དུ“ལམ་སྟོན”ཞེས་བསྡུ་རྒྱུ)དངོས་སུ་བཀྲམས་ནས་ལག་བསྟར་བྱས།
ལམ་སྟོན་དེ་ནི་རང་ཞིང་གིས་སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཀྱི་ཆེད་ཁེ་རིན་ཐང་དཔྱད་འཇོག་གཏན་འབེབས་ལ་དམིགས་སུ་བཏོན་པའི་ཐུན་མོང་གི་ཚད་གཞི་ཞིག་ཡིན་ལ། ཞིང་ཆེན་ནང་ཁུལ་གྱི་ཆེད་ཁེ་རིན་ཐང་དཔྱད་འཇོག་གི་ཚད་གཞི་ཐོག་མ་ཡང་ཡིན་པས། ཞིང་ཆེན་ནང་ཁུལ་དུ་ཁྱབ་ཁོངས་དེར་སྟོང་བའི་ཚད་གཞི་ཁ་གསབ་བྱས་པ་མ་ཟད། ས་གནས་རང་ལ་འཚམ་པའི་ཐོན་ལས་ཁྱད་ལྡན་གྱི་དཔྱད་འཇོག་ཚད་ལྡན་ཞིག་ཀྱང་རེད། ལམ་སྟོན་གྱིས་ལས་རིགས་དེར་དུས་ཡུན་རིང་བོར་འཕྲདཔའི་ཆེད་ཁེ་རིན་ཐང་གི་ཡང་དག་དཔྱད་འཇོག་གི་དཀའ་གནད་ཐག་བཅད་ཡོད་དེ། ནད་ཐོག་སྨན་བཅོས་ཀྱི་དགེ་མཚན་དང་། འཕྲོད་བཅོས་ཁྱབ་ཁོངས། ནད་ཐོག་དགོས་མཁོ་ལ་སོགས་ཁྱབ་ཁོངས་ཀྱི་དམིགས་བསལ་རང་བཞིན་ལ་གཞིགས་ཏེ། སྒྲིག་གཞི་གསལ་ལ། རིགས་པ་ཕྲ་ཞིང་ཞིབ་པ། ཕྱོགས་ཡོངས་ལ་ཁྱབ་པའི་དཔྱད་འཇོག་སྒྲིག་གཞི་དང་སྣེ་མང་གི་དམིགས་ཚད་མ་ལག་བསྐྲུན་ཡོད་པས། གསར་གཏོད་བྱེད་པོར་དཔྱད་འཇོག་ལ་གཅིག་གྱུར་གྱི་ཚད་ཤིང་ཤིག་མཁོ་འདོན་བྱས་ནས“ཆེད་ཁེ་རིན་ཐང་ལ་ཚད་ཐིག་མེད་པ་དང་། དཔྱད་འཇོག་མཇུག་ཁས་མི་ལེན་པའི”འགག་གནད་ཐག་གཅོད་ཡག་པོ་དང་། “གསར་སྤེལ—ཆེད་ཁེ—དཔྱད་འཇོག—བརྗེ་སྒྱུར”གྱི་ཚད་གཞི་ཅན་གྱི་སྦྲེལ་ཐག་འཛུགས་པར་རམ་འདེགས་བྱ་ཐུབ། ལམ་སྟོན་གྱིས་ཐད་ཀར་རིན་ཐང་མཐོ་ཤོས་ཀྱི་ཆེད་ཁེ་དཔྱེ་འབྱེད་དང་། ལག་རྩལ་ཉོ་ཚོང་གི་གོང་ཐང་། མ་དངུལ་གཏོང་འཇོག་གི་ཇུས་ཆོད་ལ་སོགས་ཡུལ་དངོས་ལ་ཞབས་ཞུ་བསྒྲུབ་ཏེ། གསར་གཏོད་གྲུབ་འབྲས་བརྗེ་སྒྱུར་ཇེ་མགྱོགས་སུ་བཏང་ནས་སྐྱེ་དངོས་སྨན་རྫས་ཐོན་ལས་གོང་དུ་སྤེལ་བར་རམ་འདེགས་ལེགས་པོ་བྱ་ཐུབ།
སླད་ཕྱིན། ཞིང་ཆེན་ཤེས་བྱའི་བདག་དབང་ཅུས་ཀྱིས་ལམ་སྟོན་ལག་བསྟར་གོ་སྐབས་སུ་བཟུང་སྟེ། ཞིང་ཆེན་ནང་ཁུལ་གྱི་ཕུན་སུམ་ཚོགས་པའི་མཐོ་སྒང་གི་སྐྱེ་དངོས་ཐོན་ཁུངས་ལ་གཞི་བཅོལ་ནས་གསར་གཏོད་བྱེད་པོ་རིགས་མི་འདྲ་བས་མཐོ་སྒང་གི་ཁྱད་ལྡན་ཀྲུང་ལུགས་དང་བོད་ལུགས་སྨན་རྫས། སྐྱེ་དངོས་སྨན་རྫས་ལ་སོགས་པའི་དགེ་མཚན་ལྡན་པའི་ཁྱབ་ཁོངས་སུ་ལྟེ་སྙིང་ལག་རྩལ་གསར་སྤེལ་གྱི་ལས་སྤེལ་བར་ཁྲིད་སྟོན་བྱས་ནས་མཚོ་སྔོན་གྱི་སྐྱེ་དངོས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་གསར་གཏོད་ཀྱི་སྒུལ་ཤུགས་ཟམ་མི་ཆད་པ་བསྩལ་རྒྱུ། དུས་མཚུངས་སུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་འཐབ་ཇུས་ལངས་གནས་དམིགས་སུ་བཟུང་སྟེ། ཞིང་ཆེན་ནང་ཁུལ་གྱི་རིགས་མི་འདྲ་བའི་ཤེས་བྱའི་བདག་དབང་གི་ཚད་གཞི་མ་ལག་སྔར་ལས་འཐུས་ཚང་བཟོ་བ་དང་། ཤེས་བྱའི་བདག་དབང་ཚད་གཞི་ཅན་གྱིས་ཐོན་ལས་གསར་གཏོད་ལ་ནུས་ཤུགས་བསྩལ་ནས་ཞིང་ཆེན་ཡོངས་ཀྱི་དཔལའབྱོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་རམ་འདེགས་སྟོབས་དང་ལྡན་པ་འདོན་འཆར་ཡོད་དོ། །