ཞིང་ཆེན་ཡོངས་ཀྱི་སྟོན་བསྡུའི་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས5ཉིན། གསར་འགོད་པས་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེའི་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ། ས་བོན་བཟང་པོ་དང་བྱེད་ཐབས་བཟང་པོ། གོ་སྐབས་བཟང་པོ། ཞིང་ས་བཟང་པོ་བཅས་བཟང་པོ་བཞི་མཉམ་འདྲེས་བྱེད་པ་གཙོ་གནད་དུ་བཟུང་སྟེ། འབྲུ་སྣུམ་ལོ་ཏོག་གཞི་ཁྱོན་ཆེན་པོའི་ཐོན་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས།    ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་འབུམ་གསུམ་དང་ཁྲི་གཉིས་སྟོང་གཅིག་དགུ་བརྒྱ་ཟིན་ནས་ལོ་འཁོར་གྱི་འཆར་གཞི་ཚད་བརྒལ་ཡོངས་འགྲུབ་བྱས་ཡོད་པ་དང་།   སྣུམ་རྫས་དང་སྔོ་ཚལ་སོགས་ཀྱི་རྒྱ་ཁྱོན་བརྟན་འཇགས་སྒོས་འཕར་སྣོན་བྱུང་ཡོད།
        ཟླ9པའི་ཚེས26ཉིན་བར་དུ། ཞིང་ཆེན་ཡོངས་ཀྱིས་སྤྱི་ཆིང་འབུམ་གསུམ་དང་ཁྲི་གསུམ་སྟོང་ལྔ་ལས་བརྒལ་བའི་ཞིང་ལས་རྒྱུ་ཆ་བསྡུ་ལེན་བྱས་ཚར་ཡོད་པ་དང་། དེའི་ནང་འབྲུ་རིགས་ལོ་ཏོག་སྤྱི་ཆིང་འབུམ་གཅིག་དང་ཁྲི་དགུ་སྟོང་བདུན་དྲུག་བརྒྱ་ཡོད་པ་དང་། སྣུམ་རྒྱུ་སྤྱི་ཆིང་ཁྲི་བདུན་དང་སྟོང་བརྒྱད་བདུན་བརྒྱ་ཡོད་ལ། སྔོ་ཚལ་སྤྱི་ཆིང་ཁྲི་གསུམ་དང་སྟོང་གཉིས་ཡོད་པ་མ་ཟད་ཐོན་རྫས་གཞན་དག་སྤྱི་ཆིང་ཁྲི་གཉིས་དང་སྟོང་དྲུག་ལྔ་བརྒྱ་ཡོད་པས། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་ཡོད།

མིག་སྔར། ཞིང་ཆེན་ཡོངས་ཀྱི་དགུན་གྲོ་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཉིས་ལྔ་བརྒྱ་ཚང་མ་བསྡུ་ལེན་བྱས་ཚར་ཡོད་པ་དང་། མུའུ་རེའི་ཆ་སྙོམས་ཀྱི་ཐོན་ཚད་སྤྱི་རྒྱ452ཡིན་པ་དེ་ན་ནིང་ལས་སྤྱི་རྒྱ28.39མཐོར་འདེགས་བྱུང་ཡོད་ལ། མུའུ་རེའི་ཐོན་ཚད་ཆེས་མཐོ་བ་རྒྱ་མ1100ཟིན་པས།    མུའུ་རེའི་ཐོན་ཚད་ཀྱི་ཕན་འབྲས་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད།

ལོ་འགོ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་མོ་ནས་འཆར་འགོད་དང་ཚན་རིག་དང་མཐུན་པའི་བཀོད་གཏོང་བྱས་ཏེ། དཔྱིད་འདེབས་ཀྱི་ཐོན་སྐྱེད་དང་སྟོན་བསྡུའི་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། རིམ་པ་སོ་སོས་འགན་འཁྲི་ནན་དཀྲི་བྱས་ནས་ཞིང་ལས་དུས་ཤོར་མི་ཐུབ་པའི་ཁག་ཐེག་བྱས།   སྲིད་ཇུས་ཀྱི་རོགས་སྐྱོར་དུས་ཐོག་ཏུ་དོན་འཁྱོལ་བྱས་པ་དང་། ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཐེར་འབུམ་བཞི་སྔ་མོ་ནས་དངོས་འབེབ་བྱས་ཏེ། ཞིང་ཁའི་ས་ནུས་སྲུང་སྐྱོབ་དང་། ཞིང་ལས་འཕྲུལ་ཆས་ཉོ་བ། ཐོན་ཚད་མཐོར་འདེགས་གཏོང་བ་སོགས་ཁ་གསབ་རིགས་མང་པོ་དོན་འཁྱོལ་བྱས་ནས་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ནུས་ལྡན་བྱས། ཞིང་ལས་འཕྲུལ་འཁོར་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། འབྲུ་སྣུམ་གྱི་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། གཤིས་ནུས་མཐོ་བའི་སོན་འདེབས་འཕྲུལ་འཁོར་དང་གྱོང་གུན་ཉུང་བའི་བསྡུ་ལེན་འཕྲུལ་ཆས་རྒྱ་ཁྱབ་ངང་སྤྱོད་པ།    ཞིང་ལས་འཕྲུལ་འཁོར་ཁག་ཅིག་ལ་བྱང་སྐར་ཕྱོགས་སྟོན་རམ་འདེགས་ཁ་ལོ་བའི་མ་ལག་སྒྲིག་སྦྱོར་བྱས་པས། འཕྲུལ་འཁོར་གྱི་བསྡུ་ལེན་ལས་ཕྱོད་མངོན་གསལ་སྒོས་མཐོ་རུ་ཕྱིན་པ་དང་། གྱོང་གུན་ཐེབས་ཚད་སྔར་ལས་ཇེ་ཉུང་དུ་ཕྱིན་ཡོད། ཞིང་ཆེན་ཡོངས་ཀྱི་སྤུས་ལེགས་ཞིང་ལས་ལོ་ཏོག་གི་ཁེབས་ཚད98.2%ཟིན་པ་དང་།    སྤུས་ལེགས་ཀྱི་ཐོན་ཚད་མཐོ་བ་དང་ལྡོག་འགོག་རང་བཞིན་ཆེ་བའི་སྐྱེ་སྣ་གསར་པ་རྒྱ་ཆེར་སྤེལ་བས། ཆུ་ལུད་གཞི་གཅིག་ཅན་དང་། འགྱིག་བཀབ་འདེབས་འཛུགས། ལྗང་མདོག་སྔོན་འགོག་ཚོད་འཛིན་སོགས་འགག་རྩའི་ལག་རྩལ་མགྱོགས་མྱུར་སྒོས་བཀོལ་སྤྱོད་བྱས་ཏེ། སྣ་རྐྱང་པའི་ཐོན་ཚད་མཐོ་རུ་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད། 

ས་ཁུལ་ཁ་ཤས་སུ་ཐན་པ་བྱུང་བ་དང་ཆར་ཆུ་དྲག་པོ་འབབ་པ། སེར་བ་སོགས་རང་བྱུང་གི་གནོད་འཚེ་ལ་དམིགས་ནས། ས་གནས་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡར་ཤུགས་སྣོན་བརྒྱབ་པ་དང་།    གནོད་འགོག་དང་གནོད་འཚེ་ཉུང་གཏོང་དང་གནོད་ཐེབས་རྗེས་ཀྱི་སླར་གསོ་རྩ་འཛུགས་ཧུར་ཐག་བྱས་ཏེ།    ཚད་ཆེས་མཐོ་བའི་སྒོ་ནས་གནོད་འཚེ་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་བཏང་བས།    གནོད་འཚེ་བྱུང་བ་དང་བསྡུ་མི་ཐུབ་པའི་རྒྱ་ཁྱོན་ན་ནིང་ལས་ཆེས་ཆེར་ཇེ་ཉུང་དུ་ཕྱིན་ཡོད།  ནད་འབུའི་གནོད་འཚེ་སྔོན་འགོག་དང་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་ཚབ་སོགས་ཀྱི་བྱེད་ཐབས་ཀྱིས་ཀྱང་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཡོད།  རྗེས་ཕྱོགས། མཚོ་སྔོན་ཞིང་ཆེན་གྱིས་སྟོན་བསྡུའི་འགག་རྩའི་དུས་མཚམས་ལ་དོ་སྣང་ཟབ་མོ་བྱས་ཏེ། ཞིང་ལས་འཕྲུལ་ཆས་བཀོད་གཏོང་དང་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་པ་དང་། འཕྲུལ་འཁོར་གྱིས་བསྡུ་ལེན་བྱེད་སྐབས་གྱོང་གུན་ཇེ་ཉུང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་འབྲུ་རིགས་མཛོད་ཁང་དུ་འཇུག་རྒྱུར་ཁག་ཐེག་བྱེད་དགོས། དེ་དང་ཆབས་ཅིག དགུན་གྲོའི་འདེབས་འཛུགས་དང་སྟོན་གྱི་འགྱིག་འགེབ་བྱ་བ་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། དགུན་གྲོའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱའི་ཡན་ཆད་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་མ་ཟད། གོ་རིམ་ལྡན་པའི་སྒོ་ནས་ཐེངས་གཉིས་པའི་འདེབས་འཛུགས་བྱ་བ་སྤེལ་ནས་སང་ལོའི་ཞིང་ལས་ཐོན་སྐྱེད་ལ་རྨང་གཞི་ལེགས་པོ་གཏོང་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།