ཟླ་10ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སིང་ཀ་ཕོར་གྱི་ཙུང་ཐུང་ཧྲང་ཏ་མན་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བར་རྟེན་འབྲེལ་ཞུས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་སིང་ཀ་ཕོར་ནི་ཕན་ཚུན་མཛའ་གྲོགས་ཁྱིམ་མཚེས་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་35སོང་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། མཉམ་ལས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཉིས་འབྲེལ་བ་ཟམ་མི་ཆད་པར་སྤུས་ཚད་མཐོར་གཏོང་དང་ཚད་གཞི་རིམ་སྤོར་བྱུང་ཞིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་རང་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་བསྐྲུན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་སིང་ཀ་ཕོར་ཕྱོགས་དང་ལྷན་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བ་གོ་སྐབས་སུ་བརྩིས་ཐོག ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། ཀྲུང་གོ་དང་སིང་ཀ་ཕོར་གྱི་ཕྱོགས་ཡོངས་སྤུས་མཐོའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བ་གོང་འཕེལ་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དར་རྒྱས་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཧྲང་ཏ་མན་གྱིས། 2023ལོར། སིང་ཀོ་ཕོར་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ སྤུས་མཐོའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། རྒྱུན་ཆད་མེད་པར་ཁྱད་ཆོས་གསར་པ་བསྣན་ཞིང་། རྒྱང་ལྟའི་རང་བཞིན་མངོན་པར་བྱས་ཡོད། ཕྱོགས་གཉིས་པོས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ནས། ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་སྐྱེད་ཧུར་ཐག་བཏང་བ་དང་། རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་དུ་བཏང་ཡོད། སིང་ཀ་ཕོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་མཉམ་ལས་དམ་ཟབ་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུར་ང་རང་ནས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད། ལི་ཆང་གིས། ཀྲུང་གོས་སིང་ཀ་ཕོར་ཕྱོགས་དང་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་ཆུ་ཚད་མཐོ་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་རང་སོའི་གོང་འཕེལ་དང་རང་ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ཧོང་ཞུན་ཚའེ་ཡིས། ལོ་མང་རིང་། སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ནས་ཚད་མཐོའི་ཕན་ཚུན་ཡིད་ཆེས་བཙུགས་ཡོད། སིང་ཀ་ཕོར་གྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས། རང་མོས་ཉོ་ཚོང་དང་ཕྱོགས་མང་མ་ལག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།