ཟླ9ཚེས28ཉིན་ཀྲུང་གོའི་གསར་འགྱུར་དྲ་བས་ཟི་ལིང་དུ་སྤེལ་བའི་འཕྲིན། ཟླ9ཚེས28ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ།《མཚོ་སྔོན་ཞིང་ཆེན་གྱི་བསྡོམས་རྩིས་སྲོལ་ཡིག》ཟླ10ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཁྱབ་སྒྲོག་བྱས།
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བཟོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲེན་ཅིན་ཧྭ་ཡིས་འདི་སྐད། 《སྲོལ་ཡིག》ནང་གཞི་རིམ་བསྡོམས་རྩིས་ལས་ཁུངས་དང་བསྡོམས་རྩིས་པའི་ལས་ཀར་རྒྱབ་སྐྱོར་དང་སློབ་གསོ་ཟབ་སྦྱོང་དམིགས་སུ་བཟུང་སྟེ། བསྡོམས་རྩིས་བདེ་འཇགས་དོ་དམ་དང་བསྡོམས་རྩིས་གསང་རྒྱའི་ལས་ཀར་སྔར་ལས་དོ་སྣང་བྱས་ཤིང་། བསྡོམས་རྩིས་རྫུན་བཟོ་བྱ་སྤྱོད་འགོག་ཟོན་དང་དག་ཐེར་གྱི་འགན་འཁྲི་ལམ་ལུགས་སྔར་ལས་འཐུས་ཚང་བཟོས་པ་དང་། སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་ཁྲོད་ཀྱི་བསྡོམས་རྩིས་ལས་ཀའི་བདེ་འཇགས་དང་། ཕན་ཕྱོད། ཚད་ལྡན་གྱི་གཏན་འབེབས་སྔར་ལས་གཟེངས་སུ་བཏོད་པར་མ་ཟད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་བསྡོམས་རྩིས་ཞབས་ཞུ་སྤུས་ལེངས་པོས་གོང་དུ་སྤེལ་བའི་ཁྲིམས་སྐྱོང་དར་སྤེལ་གྱི་དགོས་མཁོ་ལ་ཡང་དེ་བས་བསྟུན་ཡོད་ཟེར།
《སྲོལ་ཡིག》གི་ནང་དོན་གནད་འདུས་ལ་གོ་སླ་བ། བཀོལ་སྤྱོད་རང་བཞིན་ཅུང་ཆེ་བ་དང་། ས་གནས་ཀྱི་བསྡོམས་རྩིས་ལས་ཀའི་ཁྲོད་ཀྱི་གནད་དོན་འབུར་ཐོན་ཅན་དང་། སྐྱོན་མཚང་གནད་ཀ་ཅན་ཐག་གཅོད་དམིགས་སུ་བཟུང་ཡོད་པས། ཞིབ་ཕྲའི་ཁྱད་ཆོས་དང་དངོས་སྒྲུབ་དོན་ཆོད་ཀྱི་ཁྲིམས་འཛུགས་བླང་བྱ་མཚོན་པར་བྱས་ཡོད་ཅེས་ཁྲེན་ཅིན་ཧྭ་ཡིས་དེ་ལྟར་བརྗོད།
《སྲོལ་ཡིག》ཁྲིམས་འཛུགས་ཀྱི་གོ་རིམ་ཁྲོད་དུ་ང་ཚོས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞིགས་ཏེ། བསྡོམས་རྩིས་ལས་ཀའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་སོགས་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ། ཁྲིམས་འཛུགས་བརྒྱུད་ཐག་གཅོད་ཐབས་ལམ་གསལ་འབེབས་བྱས་ཡོད་ཅེས་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཏང་ཙུའུ་ཁོངས་མི་དང་། མཚོ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཀྲང་ཕེང་གིས་དེ་ལྟར་བརྗོད། བསྡོམས་རྩིས་ལས་ཁུངས་ཀྱིས་རིམ་པ་འོག་མའི་ས་གནས་མི་དམངས་སྲིད་གཞུང་དང་དེའི་བསྡོམས་རྩིས་ལས་ཁུངས། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་བསྡོམས་རྩིས་རྫུན་བཟོ་དང་ཡང་ན་ལས་འགན་ལས་འཛོད་འབྱུང་བར་འགོག་ཟོན་དང་དག་ཐེར་བྱས་མེད་པ་ཤེས་ཚེ། དེའི་འགན་འཁུར་བར་ཆད་འདོམས་བྱས་ཆོག་པ་ཡང་གཏན་ལ་ཕབ་ཡོད་པ་རེད།
ཤེས་གསལ་ལྟར་ན། 《སྲོལ་ཡིག》དེ་ནི1992ལོར་བཏོན་པའི་སྲོལ་ཡིག་རྙིང་བར་བཟོ་བཅོས་བརྒྱབ་པ་ཞིག་ཡིན་ལ། 2024ལོར་བཟོ་བཅོས་བརྒྱབ་པའི་བསྡོམས་རྩིས་བྱེད་ཐབས་སྦྲེལ་ཡོད་དོ། །