རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་25ཉིན་སྤུས་ཚད་མཐོ་པོའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལེགས་སྒྲུབ་བྱེད་པའི་བརྗོད་དོན་གཙོ་བོའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་བརྙན་འཕྲིན་ཆེ་ཤེལ་དང་དྲ་རྒྱའི་བལྟ་ཉན་སྤྱོད་མཁན་གཉིས་ཀའི་མི་གྲངས་དུང་ཕྱུར་10ལས་བརྒལ་ཡོད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་བལྟ་ཉན་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཚའོ་ཧྲུའུ་རྨིན་གྱིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ཚུན་དུ། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་(དྲ་རྒྱའི་བརྙན་འཕྲིན་འཁྲབ་ཚན་)1500ལྷག་ཙམ་དང་། འགུལ་རིས་གློག་བརྙན་པར་གཞི་3500ལྷག་ཙམ། དངོས་མཚོན་གློག་བརྙན་གྱི་པར་གཞི་ཆུ་ཚོད་ཁྲི་35ལྷག་ཙམ། འཁྲབ་ཚན་ཐུང་གྲས་ཧ་ལམ་ཁྲི་15ཙམ་སྒྲིག་བཟོ་འགྲེམས་སྤེལ་བྱས་ཡོད། 2024ལོར་རྒྱལ་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་བལྟ་ཉན་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་1.49ཟིན་ཞིང་། དེ“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་61.96%འཕར་ཡོད་ཅེས་ངོ་སྤྲོད་གནང་ཡོད།
ཚའོ་ཧྲུའུ་རྨིན་གྱིས། ཉེ་ལམ་ལོ་ཤས་རིང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་བརྙན་འཕྲིན་གྱི“མུ་འབྲེལ”གྲོན་བསྡུ་དང་བཀོལ་སྤྱོད་རྙོག་འཛིང་ཆེ་བ་བཅོས་སྒྲིག་བྱེད་འགོ་ཚུགས་ཤིང་། ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལོ་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། བརྙན་འཕྲིན་ཁ་ཕྱེ་མ་ཐག་ཐད་གཏོང་བལྟ་ཐུབ་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཞིང་། འཕྲིན་ལམ་སྒྱུར་སྒམ་ཁ་ཕྱེ་བའི་བརྡ་ཁྱབ་མེད་པ་བཟོས་པ། གྲོན་དངུལ་བསྡུ་རིགས་ཆེས་ཆེར་ཉུང་དུ་བཏང་བ། སྤུས་ལེགས་ཀྱི་རིན་མེད་ནང་དོན་མང་དུ་བཏང་བ། “བརྙན་འཕྲིན་དང་འཕྲིན་ལམ་སྒྱུར་སྒམ་གཞི་གཅིག་ཅན”དང་“རྒྱང་འཛིན་ཡོ་བྱད་གཅིག་གིས་བརྙན་འཕྲིན་བལྟ་བར”རྒྱུན་མཐུད་ངང་སྐུལ་འདེད་དང་རིམ་བཞིན་མངོན་འགྱུར་ཡོང་བ་བྱས་ཡོད་ཅེས་གསུངས་ཡོད།
“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ”ནས་བཟུང་རང་རྒྱལ་གྱི་རླུང་འཕྲིན་བརྙན་འཕྲིན་གྱི་བལྟ་ཉན་གསར་རྩོམ་ཐོན་སྐྱེད་རྒྱུན་མཐུད་དར་རྒྱས་བྱུང་བ་དང་། རིགས་སྣ་ཚོགས་དང་བརྗོད་གཞི་སྣ་ཚོགས་ཀྱི་སྤུས་ལེགས་བརྩམས་བྱ་གཞི་ཁྱོན་ཆེན་པོས་ཐོན་པས། “ལེ་ཚན་ཡག་པོ་རྟག་ཏུ་བལྟ་རྒྱུ་ཡོད་པ་དང་། རྩེར་སོན་བརྩམས་ཆོས་རྒྱུན་ཆད་མེད་པར་ཐོན་པའི”རྣམ་པ་བཟང་པོ་ཆགས་ཡོད། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཏུང་གིས། ང་ཚོས་ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་དང་འགག་གནད་ལ་དམིགས་ཏེ། མཉམ་གཏོང་མཉམ་ཉོ་དང་། བརྙན་འཕྲིན་ལས་ཁུངས་མང་པོ་མཉམ་དུ་གཏོང་སྤེལ། བརྙན་འཕྲིན་དང་དྲྭ་ཐོག་སྟེགས་བུར་མཉམ་དུ་གཏོང་སྤེལ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་གྱི་ལེའུ་ཡི་ཁ་གྲངས་དང་དུས་ཚིགས་ལྟར་སྟོན་པའི་བརྙན་འཕྲིན་ལེ་ཚན་གྱི་རིང་ཐུང་དང་བར་གསེང་སོགས་དོ་དམ་སྲིད་ཇུས་ལེགས་སྒྲིག་བྱས་ནས། རིག་རྩལ་གསར་རྩོམ་ལ་བར་ཁམས་ཆེན་པོ་བསྐྲུན་ཡོད་ཅེས་གསུངས་ཡོད།