ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གནད་བསྡུས》ཀྱི་ཆེད་དོན་སློབ་སྦྱོང་སྙན་ཞུའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས25ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གནད་བསྡུས》ཀྱི་ཆེད་དོན་སློབ་སྦྱོང་སྙན་ཞུའི་ཚོགས་འདུ་བསྡུས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་གླིང་གི་དགེ་རྒན་ཆེ་མོ་གཞོན་པ་ཞུའེ་ནན་གྱིས་གདན་ཞུ་ལྟར་ཆེད་དོན་ཟུར་ཁྲིད་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་འགན་འཁུར་བློ་མཐུན་དང་ཏང་ཡོན་ལས་བྱེད་པའི་འཐུས་མི200ལྷག་སློབ་སྦྱོང་ལ་ཞུགས།

སྙན་ཞུའི་ཚོགས་འདུས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གོ་དོན》ལྟེ་བར་བྱས་ཏེ།    རིག་ཚན་འཛུགས་སྐྲུན་གྱི་ཟུར་ཚད་ཐོག་ནས་སློབ་དེབ་ཀྱི་གཞི་རྩའི་རྒྱབ་ལྗོངས་དང་ནང་དོན་དབྱེ་ཞིབ། སློབ་སྦྱོང་བྱེད་ཐབས། བཀོལ་སྤྱོད་གནས་ཚུལ་བཅས་ལ་དམིགས་ནས་སྤེལ་བ་དང་།    ལོ་རྒྱུས་དང་དོན་དངོས་ཀྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་ཀྱི་སྤྱིའི་སྒྲོམ་གཞི་མ་ལག་ལྡན་པས་རྒྱས་བཤད་བྱས་ལ།“ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཁག་ཅིག་ནི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་ཡིན”ཞེས་གསོན་ཉམས་དོད་པའི་སྒོ་ནས་གསལ་འགྲེལ་བྱས་ཡོད། སྙན་ཞུ་ལ་གཞུང་ལུགས་ཀྱི་མཐོ་ཚད་དང་ལག་ལེན་གྱི་ཟབ་ཚད་གཉིས་ཀ་ལྡན་པ་དང་། ཚོགས་ཞུགས་མི་སྣས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་གལ་ཆེན་བརྟན་པོ་འཛུགས་པ་དང་། གོ་དོན་དང་ལག་ལེན་གྱི་བླང་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་པ་དང་། “མཉམ་མོང་བཞི”ཡི་ཐུན་མོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།    “མོས་མཐུན་ལྔ”ཇེ་དྲག་ཏུ་གཏོང་བ་བྱེད་དགོས།

ཚང་མས་བསྟན་དོན།《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གནད་བསྡུས》སློབ་སྦྱོང་ཡག་པོ་དང་བེད་སྤྱོད་དངོས་གནས་ཡག་པོ་བྱས་ཏེ། ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་ཚུལ་རྒྱུར་ལ་སྐུལ་འདེད་བཏང་སྟེ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྲུང་སྐྱོང་བྱེད་མཁན་དང་། སྐུལ་འདེད་ཧུར་ཐག་གཏོང་མཁན། དཔེ་སྟོན་ལག་ལེན་བྱེད་མཁན་བཅས་བྱས་ཏེ་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།