ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས18ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པའི》དེབ་ལྔ་པར་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བདེན་དོན་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་ལ་གོ་བ་སྔར་ལས་གཏིང་བླངས་ནས།  སློབ་སྦྱོང་གི་ཕན་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྒུལ་ཤུགས་སྟོབས་ཆེན་དུ་དངོས་གནས་བསྒྱུར་དགོས་པ་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་། ལུའོ་ཏུང་ཁྲོན་དང་ཝང་ལིས་མིན། ལིའུ་མེ་ཕིན་བཅས་ཀྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པའི》དེབ་ལྔ་པའི་འབྲེལ་ཡོད་ལེའུ་སློབ་སྦྱོང་བྱས། ལུའོ་ཏུང་ཁྲོན་དང་ཀྲང་ཅིན་ཀང་། པད་གོ དབྱང་ཧྥིན་ཁྲུན། ཝང་ཧའེ་ཧུང་། ཀྲང་ཞའོ་རུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་།  ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་བརྗེ་རེས་བྱས།

ཝུའུ་ཞའོ་ཅུན་གྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པའི》དེབ་ལྔ་པ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཟུང་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་བཏང་བའི་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་ཤིག་ཡིན་ཞིང་། དེའི་ནང་ང་ཚོའི་ཏང་གིས“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་སྒོས་མཚོན་པ་ཞིག་རེད། དུས་རབས་ཀྱི་རྒྱབ་ལྗོངས་ངེས་པར་དུ་ཁོང་དུ་ཆུད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། བྱ་བའི་མ་ལག་རང་བཞིན་དང་སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། སྲོག་ཤིང་གི་དོན་སྙིང་ངེས་པར་དུ་དམ་འཛིན་གཏིང་ཟབ་བྱས་ནས། གཞུང་ལུགས་སྟེང་གི་རིག་པ་དྭངས་གསལ་ལ་བརྟེན་ནས་ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་བྱེད་པར་ཁག་ཐེག་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས།   “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས། ལག་ལེན་གྱི་བླང་བྱ་ངེས་པར་དུ་དམ་འཛིན་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་དང་ཞབས་འདེགས་ཞུ་བ།    ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་སྣ་ཚོགས་མཚོ་སྔོན་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དངོས་སྒྲུབ་སྔོན་བརྩོན་བྱས་ནས། སློབ་སྦྱོང་ཟབ་མོ་དང་ལག་ལེན་ནན་མོ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་དངོས་གནས་ཤུགས་སྣོན་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པའི》དེབ་ལྔ་པ་དང་སྔོན་གྱི་དེབ་བཞི་སྤྱི་ཡོངས་སུ་གཅིག་གྱུར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་ཟུང་འབྲེལ་དམ་ཟབ་བྱས་ནས། གོང་གིས་དཔེ་སྟོན་དང་འོག་གིས་སློབ་སྦྱོང་། གཏིང་ཟབ་པ་དང་མ་ལག་ལྡན་པའི་སློབ་སྦྱོང་། དོན་དངོས་དང་འབྲེལ་བའི་སློབ་སྦྱོང་། གནད་དོན་བཟུང་ནས་སློབ་པ་བཅས་བྱས་ཏེ། སློབ་སྦྱོང་གི་བརྒྱུད་རིམ་དེ་གནད་དོན་རྙེད་པ་དང་། གནད་དོན་དབྱེ་ཞིབ།    གནད་དོན་ཐག་གཅོད་བཅས་ཀྱི་བརྒྱུད་རིམ་དུ་བསྒྱུར་ཏེ།    “རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོར་འཁུར་བ་དང་།  འགན་འཁྲི་འཁུར་པའི་བྱ་སྤྱོད་ལ་བརྟེན་ནས། མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་དང་། དམངས་འཚོའི་བདེ་རྩ་ཇེ་དྲག་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། རང་ངོས་གསར་བརྗེ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲིར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་སློབ་སྦྱོང་གི་ཕན་འབྲས་ལ་བརྟག་བཤེར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་རྒྱུན་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་། ལས་བྱེད་པའི་སློབ་གླིང་། སྤྱི་ཚོགས་ཚན་རིག་སློབ་གླིང་སོགས་ཀྱིས་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པའི》དེབ་ལྔ་པ་གསོ་སྦྱོང་དང་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ནང་བཅུག་ནས། གསར་གཏོད་གཞུང་ལུགས་ཀྱི་ཞིབ་འཇུག་འགྲེལ་བཤད་བྱེད་ཤུགས་ཆེ་རུ་གཏོང་དགོས།     སློབ་གསོ་སྡེ་ཁག་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་པའི》དེབ་ལྔ་པ་དེ་བསམ་བློའི་ཆབ་སྲིད་དང་སློབ་གསོའི་སློབ་དེབ་གལ་ཆེན་དུ་གཅིག་གྱུར་འཆར་འགོད་བྱ་དགོས།  རིམ་པ་སོ་སོའི་དགེ་རྒན་ཚོགས་པས་གཞི་རིམ་ཏང་ཡོན་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པའི་བྱ་འགུལ་རྩ་འཛུགས་ཡག་པོ་བྱེད་དགོས་པ་དང་། རིམ་པ་སོ་སོའི་གཙོ་རྒྱུག་སྨྱན་སྦྱོར་གྱིས་ཡང་དག་པའི་ཁྲིད་སྟོན་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།