མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས16ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་ང་གཉིས་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། དབྱང་ཧྥུན་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ལས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པར་གྲོས་ཞིབ་ལ་སྤྲོད་རྒྱུའི་འབྲེལ་ཡོད་མི་དོན་བྱ་བའི་གསལ་བཤད་ལ་ཉན། མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སྲོལ་ཡིག(བཟོ་བཅོས་འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་གྱི་རྒན་པའི་ཁེ་དབང་འགན་སྲུང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་སྲོལ་ཡིག(འཆར་ཟིན)དང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)གྱི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུར་ཉན། ཟི་ལིང་གྲོང་ཁྱེར་གྱི་གྲོང་སྲིད་སྒྲིག་ཆས་དོ་དམ་སྲོལ་ཡིག(བཟོ་བཅོས)དང་། མཚོ་ཤར་གྲོང་ཁྱེར་གྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ལོ་ཏོག་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོབ་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཟ་ཁང་གི་གད་སྙིགས་དོ་དམ་སྲོལ་ཡིག་གི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གིས “ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཞབས་འདེགས་ཞུ་བའི”གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཁོར་ཡུག་དང་ཟས་རིགས་སྨན་རྫས་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་བྱ་བའི་སྐོར་གྱི་སྙན་ཞུ། ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་བཙན་ཐབས་གཅུན་འདོམས་ལམ་ལུགས་དོན་འཁྱོལ་གནས་ཚུལ་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་པའི་སྙན་ཞུར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ངེས་རྩིས་སྙན་ཞུ(འཆར་ཟིན)དང་། 2024ལོའི་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུ། 2024ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་དང2024ལོའི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར(ས་གནས་ཀྱི་དངུལ་རྩའི་ཁེ་ལས་ཚུད་མེད)དོ་དམ་གནས་ཚུལ་སྐོར་གྱི་ཆེད་དམིགས་སྙན་ཞུའི་གནས་ཚུལ་བཅས་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་ཉན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུའི་འཆར་ཟིན་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་གི་ཞིབ་བཤེར་སྙན་ཞུའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་སྐུལ་སྒྲུབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པར་གྲ་སྒྲིག་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན། མི་དོན་བསྐོ་འཐེན་གྲོས་གཞིའི་གནས་ཚུལ་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)དང་ཞིང་ཆེན་མི་དམངས་སྲིད་གཞུང་གི《ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོ་རུ་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ》གྲོས་ཞིབ་བསམ་འཆར་དངོས་འབེབས་གནས་ཚུལ་གྱི་གྲོས་ཞིབ་ཕྱིར་འགྱངས་སྙན་ཞུ་དང་། དེ་མིན་ཆེད་དོན་འདྲི་རྩད་བྱ་བ་ཕྱིར་འགྱངས་སྒོས་སྤེལ་བའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གསལ་གྱི་སྙན་ཞུར་མོས་མཐུན་བྱུང་།
གྲོས་ཚོགས་ལས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཉིན་རེའི་གྲོས་རིམ་གྱི(འཆར་ཟིན)སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་སྤྲད་ནས་གྲོས་འཆམ་འབྱུར་བར་མོས་མཐུན་བྱུང་།