སྤྱི་ཚེས་16ཉིན། རང་རྒྱལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་འཛུགས་སྐྲུན་འཆར་འགོད་བྱས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་བའི་གཙོ་གནད་གློག་གཏོང་ལས་གཞི་སྟེ། བོད་ལྗོངས་ནས་ཀོང་ཏུང་བར་གྱི་ཐད་རྒྱུག་གློག་གཏོང་ལས་གཞི་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། དེ་ནི་མིག་སྔར་འཛམ་གླིང་ཐོག་གློག་འདྲེན་ནུས་པ་ཆེ་ཤོས་དང་། ལག་རྩལ་ཆུ་ཚད་མཐོ་ཤོས། མ་འཇོག་གཞི་ཁྱོན་ཆེ་ཤོས་ཀྱི་མཉེན་གཤིས་ཐད་རྒྱུག་གློག་གཏོང་ལས་གཞི་ཞིག་རེད།
བོད་ལྗོངས་ནས་ཀོང་ཏུང་བར་གྱི་ཐད་རྒྱུག་གློག་གི་ལས་གཞི་དེ་བོད་ལྗོངས་ནས་འགོ་ཚུགས་ཏེ། ཡུན་ནན་དང་། ཀོང་ཞི་བརྒྱུད་མཐར་ཀོང་ཏུང་ལ་སླེབས་ཀྱི་ཡོད་ཅིང་། གློག་གཏོང་ལམ་ཐིག་ཧྲིལ་པོར་རིང་ཚད་སྤྱི་ལེ་2681ཙམ་ཡོད་པ་དང་། བོད་ལྗོངས་ཆབ་མདོ་དང་། ཉིང་ཁྲི། དེ་བཞིན་ཀོང་ཏུང་ཀོང་ཀྲོའུ་དང་། ཧྲེན་ཀྲེན་བཅས་སུ་བརྗེ་སྒྱུར་ས་ཚིགས་བཞི་བསྐྲུན་རྒྱུ་ཡིན་པ་རེད།
སྤྱི་ལོ་2029ལོར་ཁྱོན་ཡོངས་ནས་གཉེར་སྐྱོང་བྱ་ཐུབ་རྗེས། ལོ་ལྟར་ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་ཁུག་པ་ཆེན་མོའི་ཁུལ་ལ་གློག་ཏུའུ་དུང་ཕྱུར་430གཏོང་ཐུབ་རྒྱུ་རེད། དེ་ནི་འབྲི་ཆུའི་འགག་གསུམ་ཁུལ་གློག་ཁང་གི་ལོའི་གློག་འདོན་ཚད་ཀྱི་ཕྱེད་ཀ་ཙམ་ཟིན་གྱི་ཡོད་པ་དང་། ཚང་མ་ནུས་རྒྱུ་གྲོན་ཆུང་གི་གློག་ཡིན་པ་རེད།
ལས་གཞི་དེས་འཛམ་གླིང་ཐོག་སྔོན་ཐོན་གྱི་ཆེས་མཐོ་གནོན་སྣེ་མང་གི་མཉེན་གཤིས་ཐད་རྒྱུག་གློག་གཏོང་ལག་རྩལ་སྤྱད་ཡོད་པས། དུས་ཚོད་མི་འདྲ་བ་དང་ས་ཁུལ་མི་འདྲ་བ་ནས་བཏང་བའི་ནུས་རྒྱུ་གྲོན་ཆུང་གི་གློག་སྟབས་བསྟུན་སྙོམས་སྒྲིག་ཐུབ་སྟེ། གློག་མཁོ་འདོན་བར་མི་ཆད་པ་འགན་ལེན་ཐུབ་ཀྱི་ཡོད་ཅིང་། བོད་ལྗོངས་ཀྱི་ནུས་རྒྱུ་གྲོན་ཆུང་གློག་ཀོང་ཏུང་ལ་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་སྐར་ཆ་0.009ལས་འགོར་གྱི་མེད་པ་རེད།