ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུ་བ་དང་། འཛད་སྤྱོད་སྔར་བས་རྒྱ་ཆེར་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་བཅས་བྱ་ཆེད། ཉེ་དུས་ཚོང་དོན་པུའུ་སོགས་ཚན་པ་9ཡིས་མཉམ་འབྲེལ་ཐོག་བྱེད་ཐབས་ཁག་19ཡོངས་བསྒྲགས་བྱས་ནས་ཕྱོགས་མང་པོའི་ཐད་ནས་ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གཏོད་པ།
སྣེ་ཁྲིད་ཚན་པ་ཡིན་པའི་ཚོང་དོན་པུས་ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོར་གཏོང་དང་དམངས་ཕན་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ་ཆེད་དོན་ལས་ཀའི་ཇུས་གཞི་པར་འགྲེམས་བྱས་ནས། ༼ཀྲུང་གོར་ཉོ་སྒྲུབ༽ཀྱི་སྤུས་རྟགས་འཛུགས་སྐྱོང་གཏིང་ཟབ་བྱས་པ་བརྒྱུད་ཞབས་ཞུའི་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ནས་འཛད་སྤྱོད་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། དེ་དང་ཆབས་ཅིག་ནོར་སྲིད་པུས་ཚོང་དོན་པུའུ་དང་མཉམ་དུ་འཛད་སྤྱོད་ཀྱི་ལས་རྣམ་གསར་པའི་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐོག་མའི་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ། རྣམ་པ་གསར་གཏོད་དང་ལས་རིགས་ལས་བརྒལ་བའི་མཉམ་ལས་ལ་སྐུལ་ལྕག་གཏོང་བ་བཅས་བྱས་ནས་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་ལྡན་པའི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད།
སྤུས་ཚད་མཐོ་བའི་ཞབས་ཕུན་སུམ་ཚོགས་སུ་གཏོང་བ།
ཚན་པ་མང་པོས་མཉམ་དུ་ཤུགས་བརྒྱབ་ནས་ཞབས་ཞུའི་འཛད་སྤྱོད་ལ་ནང་དོན་ཕུན་སུམ་ཚོགས་པོ་བསྣན་པ་སྟེ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས་ཞབས་ཞུའི་ལས་རིགས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་དྲ་སྦྲེལ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྒོ་དབྱེའི་ཚད་གཞི་རྒྱ་ཆེར་གཏོང་བ་དང་། དྲིལ་བསྒྲགས་སྡེ་ཚན་གྱིས་མ་དངུལ་སྤྱི་འདོམས་བྱས་ཏེ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་སྲོལ་རྒྱུན་རིག་གནས་ཀྱི་IPརིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། ནོར་སྲིད་སོགས་སྡེ་ཚན་གྱིས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་ཞབས་ཞུ་ལེགས་སུ་བཏང་ནས་ལས་གཉེར་དུས་ཚོད་རིང་དུ་གཏོང་བ་དང་འགྲེམས་སྟོན་གྱི་རྣམ་པ་གསར་གཏོད་བྱེད་པ།
ཞབས་ཞུར་སྐུལ་འདེད་ཀྱིས་འཛད་སྤྱོད་འཕར་སྣོན་ཡོང་བ་བྱེད་པ།
ཚོང་དོན་པུས་སྣེ་ཁྲིད་དེ་བྱེད་ཐབས་སྣ་མང་སྤྱད་དེ་མངའ་ཁོངས་ཕྱིའི་མི་སྣ་རང་ཁོངས་སུ་ཡོང་ནས་འཛད་སྤྱོད་བྱེད་པའི་ནང་ཐོངས་མཆན་འགོད་མི་དགོས་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྲིད་ཇུས་ལེགས་སུ་གཏོང་བ། ཚོང་དོན་དང་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཚན་གྱིས་ཐུན་མོང་ཐོག་གྲངས་འཛིན་ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱ་རྒྱུར་སྐུལ་ལྕག་བྱེད་པ། ཁེ་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བཅས་བྱེད་པ། སློབ་གསོ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སློབ་མའི་གུང་གསེང་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པ་བཅས་བྱེད་པ།
ནོར་སྲིད་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།
རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་གཅིག་གྱུར་འཆར་འགོད་བྱས་ཏེ་རིག་གནས་དང་ཡུལ་སྐོར་སོགས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པ་དང་། ནོར་སྲིད་པུའུ་དང་ཚོང་དོན་པུས་སྤྱི་ཚོགས་ཀྱི་མ་འཇོག་ཞབས་ཞུའི་འཛད་སྤྱོད་ཁེ་ལས་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ། ཀྲུང་གོ་མི་དམངས་དངུལ་ཁང་དང་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱེད་པ། ནོར་སྲིད་པུས་ས་གནས་ཀྱིས་ཉེན་ཁ་མཉམ་འཁུར་དང་སྐྱེད་ཀ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དངུལ་རྩའི་སྒྲིག་གཞི་དང་ཚོང་པའི་དབར་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ཏེ་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ། ཚོང་དོན་པུས་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱབ་སྐྱོར་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་སྣ་མང་ཅན་དང་རང་གཤིས་ཅན་གྱི་འཛད་སྤྱོད་དགོས་མཁོ་སྐོང་བ་དང་ཞབས་ཞུའི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པ་བཅས་བྱ་རྒྱུ་ཡིན་པ་རེད།