ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས༼མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ཕུལ་བྱུང་ཤེས་ལྡན་མི་སྣ་དང་སློབ་ཁྲིད་གྲུབ་འབྲས་གཟེངས་སུ་ཐོན་པར་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན༽པར་འགྲེམ་བྱས་ཏེ། རང་ཁུལ་གྱི་བློ་མཐུན6ལ་སོ་སོར་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་གཙོ། ཕུལ་བྱུང་གི་སློབ་གསོའི་ལས་དོན་པ་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། སློབ་གསོའི་གྲུབ་འབྲས་རྣམ་གྲངས་ཤིག་ལ་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་པ་རེད། དེ་རིང་ང་ཚོས་གཟི་བརྗིད་མཚན་སྙན་ཐོབ་པའི་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་སྟེ་ཀོས་ནན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་དགེ་རྒན་འབྲུག་མོ་སྒྲོལ་མའི་སློབ་གསོའི་གྲུབ་འབྲས་ལ་རྒྱུས་ལོན་ཞིག་བྱེད།
ཞོགས་པའི་ཉི་ཟེར་ཀོས་ནན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་སློབ་ཁྲིད་ཐོག་ཁང་དུ་འཕྲོས་དུས། དགེ་རྒན་འབྲུག་མོ་སྒྲོལ་མས་ཁྲིད་གཞི་ལག་ཏུ་བཟུང་ནས་བར་ཁྱམས་སུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་ལ། 1997ལོར་མོ་རང་ཐོག་དང་པོར་ཁྲིད་སྟེགས་སུ་བུད་པའི་དུས་དེ་ནས་བཟུང་བོད་རིགས་བུད་མེད་དགེ་རྒན་འདི་འབྲོག་ཁུལ་སློབ་གསོའི་གཤིན་ས་དང་ཁ་བྲལ་མྱོང་མེད། དེང་སྐབས་འཛིན་བདག་ཡིན་ལ་སློབ་གྲྭའི་བུད་མེད་ཀྲུའུ་རིན་ཡང་ཡིན་པས་ལས་འགན་གཉིས་གཅིག་ལྕོགས་སུ་འཁུར་བའི་ཞོར་དུ་འགན་འཁྲི་ཡང་དེ་བས་ཀྱང་ལྕི་བ་རེད།
ཀོས་ནན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་དགེ་རྒན་འབྲུག་མོ་སྒྲོལ་མས་བཤད་རྒྱུར། ད་ལྟ་ངའི་འཛིན་གྲྭའི་ནང་སློབ་མ43ཡོད་པ་དང་དེ་ལས་སློབ་མ་མང་ཆེ་བ་ནི་མཐའ་འཁོར་འབྲོག་ཁུལ་ནས་ཡོང་བའི་བཅའ་སྡོད་སློབ་མ་ཡིན། ཁོ་ཚོ་ཕ་མ་དང་ཁ་བྲལ་ནས་སློབ་གྲྭར་ཡོང་ན་ང་ཚོ་དགེ་རྒན་ཡིན་པའི་ཆ་ནས་སློབ་ཁྲིད་ཀྱི་ཤེས་བྱར་དམ་འཛིན་བྱེད་དགོས་པ་མ་ཟད། ཁོ་ཚོའི་བཟའ་བཏུང་དང་འགྲོ་འདུག་སྤྱོད་གསུམ་སོགས་ལའང་སེམས་འཁུར་བྱེད་དགོས་པས་ལས་འགན་འདི་ཧ་ཅང་ལྕི་ལ་དྲོད་ཁོལ་ལྡན་པ་ཞིག་ཀྱང་རེད།
སློབ་ཁྲིད་སྐབས་འབྲུག་མོ་སྒྲོལ་མས་ཐོག་མཐའ་བར་གསུམ་དུ་བབ་བསྟུན་སློབ་ཁྲིད་དང་གནད་འཁེལ་མི་སྐྱོང་གི་འདུ་ཤེས་ལག་ལེན་དུ་བསྟར་ནས་མི་རིགས་ས་ཁུལ་གྱི་གནས་ཚུལ་དང་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཤིང་།བྱིས་པ་རྣམས་ཀྱིས་སྐད་ཡིག་ལ་བཅངས་བའི་དགའ་ཞེན་འཕེལ་བར་བྱེད་ཆེད། ཁོ་མོས་རྒྱུན་དུ་རང་ཉིད་ཀྱིས་སྒོར་མོས་སློབ་སྦྱོང་མཁོ་ཆས་ཉོས་ཏེ་སློབ་མར་སྐུལ་མ་བཏང་ཞིང་། ཁོ་མོའི་སེམས་ཞིབ་མོའི་གསོ་སྐྱོང་ལ་བརྟེན་ནས་ཁོ་མོའི་འཛིན་གྲྭར་ཐེངས་མང་པོར་དཔེ་ཀློག་ལ་དགའ་བའི་འཛིན་གྲྭའི་བྱ་དགའ་ཐོབ་པ་རེད།
ཀོས་ནན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་ལོ་རིམ་ལྔ་བའི་འཛིན་གྲྭ་གསུམ་པའི་སློབ་མ་གངས་ལྷས་བཤད་རྒྱུར། ང་ཚོའི་དགེ་རྒན་ནི་ཞིབ་ཚགས་དང་ཤ་ཚ་ཞིང་སྙིང་ཉེ་བ། བྱམས་བརྩེ་ལྡན་པའི་དགེ་རྒན་ཞིག་ཡིན་ལ། རྒྱུན་ལྡན་འཚོ་བའི་ཐད་ནས་རང་གི་ཨ་མ་ལྟར་ང་ཚོར་གཅེས་སྐྱོང་བྱེད་ཀྱིན་ཡོད་པས། ང་རང་དགེ་རྒན་ལ་ཧ་ཅང་དགའ་ཟེར།
སློབ་ཁྲིད་ལས་གཞན་འབྲུག་མོ་སྒྲོལ་མ་ནི་བྱིས་པ་རྣམས་ཀྱི་ཁྱིམ་བདག་ཞིག་དང་འདྲ་བར། སེམས་ཁམས་མི་སྐྱིད་པའི་བྱིས་པ་མཐོང་དུས་ཁོ་མོས་ལག་པས་འཇུས་ཏེ་སེམས་གཏམ་བཤད་ནས་སློབ་གསོ་གཏོང་བ་དང་སྐབས་འགར་ད་དུང་ལེགས་སྐྱེས་ཆུང་ཆུང་རེ་བྱིན་ནས་སེམས་གསོ་བྱས་པ་རེད། སློབ་ཁྲིད་གྲོལ་རྗེས་ཁོ་མོ་རྒྱུན་དུ་མལ་ཁང་དུ་སོང་ནས་ཁོ་ཚོའི་འཚོ་བར་སེམས་ཁུར་བྱས་ཤིང་། དགུན་དུས་གྲང་ངར་ཆེ་བའི་དུས་སུ་རང་ཉིད་ཀྱི་གླ་ཕོགས་ལས་དབུལ་ཕོངས་སློབ་མར་དགུན་ལྭ་དང་ལག་ཤུབས་སོགས་ཉོས་ནས་དགུན་སྐྱིད་པོ་ཞིག་རོལ་དུ་བཅུག ཁོ་མོས་ད་དུང་རྒྱུན་དུ་སློབ་མའི་སྣེ་ཁྲིད་དེ་རྒན་གསོ་ཁང་དུ་སོང་ནས་རྒན་པ་རྣམས་ལ་ཟ་མ་གནང་བའི་ཐད་ནས་ལག་ལེན་དམར་ཁྲིད་དང་ལབ་གླེང་བྱེད་དུ་བཅུག་ནས། རྒན་གསོ་ཁང་གི་ཀུན་སྤྱོད་དང་འགན་འཁྲིའི་འདུ་ཤེས་དེ་བྱིས་པ་རེ་རེའི་རྒྱུད་ལ་འབྱོར་བར་བྱས།
ཀོས་ནན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་དགེ་རྒན་ཁོ་ཧྲོ་ཐིན་གྱིས་བཤད་རྒྱུར། དགེ་རྒན་འབྲུག་མོ་སྒྲོལ་མས་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་བྱེད་པ་གང་ཡིན་རུང་ང་ཚོ་ན་གཞོན་དགེ་རྒན་རྣམས་ཀྱི་སྣེ་ཁྲིད་དེ་སློབ་ཁྲིད་ཀྱི་ཆེས་སྔོན་གྲས་སུ་སླེབས་ཡོད་པ་རེད་ཟེར།
སློབ་གྲྭའི་རྐང་འཛིན་དགེ་རྒན་གྱི་འགན་འཁུར་བའི་ཞོར་དུ་སློབ་དཔྱོད་པ་ཞིག་ཡིན་པའི་ཆ་ནས། འབྲུག་མོ་སྒྲོལ་མ་ནི་སློབ་ཁྲིད་ཀྱི་སྣེ་ཁྲིད་པ་དང་དེ་བས་ཀྱང་སློབ་དཔྱོད་ལམ་བུའི་སྟེང་གི་ཁྲིད་སྟོན་པ་ཞིག་ཡིན། མོས་སྣེ་ཁྲིད་དེ་སློབ་དཔྱོད་ཚན་ཁག་བཙུགས་ནས།འོས་འགན་རང་བཞིན་གྱི་སློབ་ཁྲིད་དང་བསམ་བློའི་ཆབ་སྲིད་སློབ་ཐུན་སོགས་ཀྱི་འདུ་ཤེས་དངོས་འབེབས་བྱེད་པར་སྐུལ་འདེད་བྱས་པ་དང་། སློབ་གསོའི་ཆ་འཕྲིན་ཅན་གྱི་ལག་ལེན་ཁྲོད་དུ་ཞུགས་ནས། སློབ་ཁྲིད་འགྲན་བསྡུར་མང་པོའི་ཁྲོད་དུ་རྩེར་སོན་བྱ་དགའ་བླངས་པ་དང་། མོས་ཁྲིད་པའི་དཔེ་སྟོན་སློབ་ཁྲིད་ནི་རྫོང་ཡོངས་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་དཔེ་མཚོན་ཏུ་གྱུར་ཡོད་པ་རེད།
ཀོས་ནན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་སློབ་གཙོ་ཚེ་མཁར་རྒྱལ་གྱིས་བཤད་རྒྱུར། དགེ་རྒན་འབྲུག་མོ་སྒྲོལ་མ་སློབ་གསོའི་ལས་རྐང་དུ་ཞུགས་པའི་ལོ28རིང་ལ། སློབ་ཁྲིད་ཀྱི་གྲུབ་འབྲས་རྫོང་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད་ལ། འཛིན་བདག་གི་ལས་འགན་ཁུར་བའི་ལོ་མང་པོའི་རིང་ལ། མོའི་སློབ་མར་འགན་ལེན་ཡོད་ལ་བཀའ་དྲིན་ཚོར། མོས་སློབ་གསོར་བཅངས་བའི་བརྩེ་བ་ཡིས་འབྲོག་ཁུལ་གྱི་བྱིས་པ་མང་པོའི་འཚར་ལོངས་ལ་འོད་སྣང་སྦྱིན་པ་མ་ཟད། ཏང་ལ་མི་སྐྱོང་བ་དང་རྒྱལ་ཁབ་ལ་མི་སྐྱོང་བའི་འགན་འཁྲི་དངོས་སུ་ལག་ལེན་བྱས་པ་རེད་ཟེར།
ལོ་ངོ28གྱི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་དང་ཁུལ་རིམ་པའི་རྐང་འཛིན་དགེ་རྒན། ཀོས་ནན་རྫོང་གི་ཆེས་མཛེས་པའི་གཞི་རིམ་ལས་བཟོ་བ། ཀོས་ནན་རྫོང་གི་མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་དཔེ་སྟོན་མི་སྒེར་བཅས་ཀྱི་མཚན་སྙན་ཐོབ། མཚན་སྙན་འདི་དག་གི་རྒྱབ་ཕྱོགས་སུ་མོས་སློབ་གསོའི་ལས་དོན་ལ་བཅངས་བའི་ལྷག་བསམ་མཚོན་ཟེར།
ཀོས་ནན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་དགེ་རྒན་འབྲུག་མོ་སྒྲོལ་མས་བཤད་རྒྱུར། ལོ་ངོ28རིང་ལ། འབྲོག་ཁུལ་གྱི་བྱིས་པས་རྒྱ་སྐད་བཤད་མི་ཤེས་བ་ནས་དཔེ་ཀློག་བྱེད་ཐུབ་པ་དང་བྱིས་པ་པྲ་ཚགས་ནས་བསམ་ཤེས་སུ་གྱུར་ཡོད་པས་ངས་བསམ་ན་འདི་དག་ལ་རིན་ཐང་ཡོད་པར་འདོད། རྗེས་ཕྱོགས་ངས་ད་རུང་ལས་རྐང་འདིའི་སྟེང་འབྲོག་ཁུལ་གྱི་བྱིས་པར་འཚམ་པའི་སློབ་ཁྲིད་བྱེད་ཐབས་མང་པོ་གསར་སྤེལ་བྱས་ཏེ། འབྲོག་ཁུལ་སློབ་གསོ་ལ་འོད་སྣང་སྦྱིན་པའི་དགེ་རྒན་ཞིག་བྱེད་པར་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱ་རྒྱུ་ཡིན་ཟེར།