ཀོས་ནན་རྫོང་རབ་རྒན་སྡེ་བའི་སློབ་གསོས་གྲོང་གསེབ་དར་སྤེལ་ལ་རེ་བའི་འོད་སྣང་བསྩལ།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

    ཀོས་ནན་རྫོང་མང་ར་ཤང་རབ་རྒན་སྡེ་བ་ནི་ཁྱིམ་ཚང174ཡོད་པའི་མཐོ་སྒང་གི་བོད་སྡེ་ཆུང་ཆུང་ཞིག་ཡིན་ལ། སྡེ་བ་འདིས་ལོ་ངོ17གྱི་དུས་ཚོད་བེད་སྤྱད་ནས་ཡིད་འགུལ་ཐེབས་པའི་སློབ་གསོའི་གཏམ་རྒྱུད་ཅིག་བྲིས་ཡོད་དེ། སྡེ་མི་རྣམས་ཀྱིས་སློབ་གསོ་རོགས་སྐྱོར་མཐུན་ཚོགས་ཤིག་བཙུགས་ནས་སློབ་མ724ལ་རོགས་སྐྱོར་བྱས་ཤིང་། སློབ་མ127སློབ་ཆེན་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱས་པར་མ་ཟད། དེའི་ཁྲོད་དུ་མི5ཡིས་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་བླངས་ཡོད། སློབ་གསོ་ནི་སྡེ་བའི་འཕེལ་འགྱུར་ལ་སྒུལ་ཤུགས་སྩོལ་བའི་སྲོག་ཤིང་ལྟ་བུ་ཡིན་པས། དེ་རིང་ང་ཚོས་རབ་རྒན་སྡེ་བའི་ལོ17རིང་གི་སློབ་གསོའི་གཏམ་རྒྱུད་འདི་ལ་རྒྱུས་ལོན་ཞིག་བྱ།

    ཞོགས་པའི་རབ་རྒན་སྡེ་བར་བསིལ་རླུང་དལ་གྱིས་ལྡང་ཞིང་། ཞིང་སྡེ་ཡི་ཁོ་ར་ཁོར་ཡུག་ཀུན་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་བཟང་བོ་མངོན་ཡོད། རབ་རྒན་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཟུར་པ་སྒྲོལ་བྷས་རང་ཁྱིམ་གྱི་མེ་ཏོག་ར་བའི་ནང་གི་རྩྭ་ལྡུམ་འབལ་བཞིན་ཡོད་ལ། ཁོ་ནི་རབ་རྒན་སྡེ་བའི་སློབ་གསོའི་རོགས་དངུལ་མཐུན་ཚོགས་འཛུགས་མཁན་གཙོ་བོ་དེ་ཡིན་པ་དང་། མཐུན་ཚོགས་འདི་གླེང་ཚེ་སྒྲོལ་བྷ་ཡི་མིག་མདངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

    མཐུན་ཚོགས་བཙུགས་རྗེས་མ་དངུལ་རིམ་བཞིན་གསོག་འཇོག་བྱས་པ་དང་ཆབས་ཅིགརོགས་སྐྱོར་གྱི་ཁྱབ་ཁོངས་དང་ཐོག་གི་སྡེ་བའི་དཀའ་ངལ་ཡོད་པའི་སློབ་མ་ནས་དམའ་འབྲིང་ཡན་གྱི་སློབ་མ་ཡོངས་ལ་རྒྱ་བསྐྱེད་པ་དང་། གནད་ལ་འཁེལ་བའི་རོགས་སྐྱོར་དང་དྲོད་ཁོལ་གྱི་བརྩེ་བས་རབ་རྒན་སྡེ་བར་སློབ་གསོའི་རྣམ་པ་བཟང་པོ་ཆགས་པར་བྱས་ཤིང་། སྡེ་བའི་སྤྱི་ཚོགས་དཔལ་ཡོན་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་བསམ་བློའི་སྒུལ་ཤུགས་བསྩལ། 2010ལོར། རབ་རྒན་སྡེ་བའི་སློབ་གསོའི་གྲུབ་འབྲས་བཟང་བོར་བརྟེན་ནས་མཚོ་ལྷོ་ཁུལ་གྱི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་བའི་བྱ་དགའ་ཐོབ་པ་རེད།

     ལོ་ངོ17རིང་མཐུན་ཚོགས་བྱ་བ་རྒྱུན་འཁྱོངས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། མིག་སྔའི་བར། རབ་རྒན་སྡེ་བས་རོགས་སྐྱོར་བྱས་པའི་སློབ་མ110བདེ་བླག་ངང་སློབ་ཆེན་ནས་མཐར་ཕྱིན་ཞིང་། དེའི་ནང་མཐར་ཕྱིན་སློབ་མ60བྱ་བར་ཞུགས་ཡོད་ལ། ཚེ་དབང་སྒྲོལ་མ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། མོས2017ལོར་མཐོ་འབྲིང་ལ་རྒྱུགས་འཕྲོད་རྗེས་སྡེ་བའི་ལོ་རེར་སྒོར900ཡི་སློབ་ཞུགས་རོགས་དངུལ་དུས་ལྟར་བྱིན་ཡོད་ལ། ཁྲུང་ཆིན་བཟོ་ཚོང་སློབ་ཆེན་ལ་རྒྱུགས་འཕྲོད་རྗེས། ལོ་རེར་སློབ་ཞུགས་རོགས་དངུལ་སྒོར2700སྤྲད་དེ་ཁོ་མོར་བློ་བདེ་ངང་སློབ་སྦྱོང་བྱེད་དུ་བཅུག་ཅིང་། ད་ལྟ་མོ་ཕྱིར་ཕ་ཡུལ་དུ་ལོག་ནས་སུམ་མདོ་གྲོང་རྡལ་སྲིད་གཞུང་དུ་ལས་ཞུགས་བྱས་ནས་ཕ་ཡུལ་ལ་ཞབས་འདེགས་ཞུ་མཁན་ཞིག་ཏུ་གྱུར་ཡོད།

    ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་སྒྲིག་ཁྲིམས་ཞིབ་བཤེར་ཆེད་སྒྲུབ་པ་སློབ་ཞུགས་རོགས་དངུལ་ཐོབ་མཁན་ཚེ་དབང་སྒྲོལ་མས་བཤད་རྒྱུར། མཐོ་འབྲིང་ནས་སློབ་ཆེན་བར་རང་ཉིད་ལ་སྡེ་བའི་རོགས་སྐྱོར་ཐོབ་ཡོད་ལ། བཀའ་དྲིན་འདི་ངའི་སེམས་སུ་ནམ་ཡང་བརྗེད་མི་སྲིད། ད་ལྟ་ང་རང་ཕྱིར་ཕ་ཡུལ་ལ་ལོག་ནས་བྱ་བའི་ནང་ཞུགས་ཡོད། ཕ་ཡུལ་གྱི་རོགས་སྐྱོར་དང་དྲོད་ཁོལ་ནམ་ཡང་སེམས་སུ་བཟུང་ནས་རོགས་རམ་མཁོ་བའི་མི་ལ་དུས་ནམ་ཡང་རོགས་རམ་བྱ་ངེས་ཡིན་ཟེར།

    ལོ་ངོ17གྱི་རིང་ལ། རབ་རྒན་སྡེ་བས་རང་སྡེ་བ་ཅི་འདྲའི་དབུལ་རུང་སློབ་གསོའི་འགྲོ་སྒོ་ཐད་མ་དངུལ་གཏོང་རྒྱུ་རྒྱུན་ཆད་མ་མྱོང་ལ། ཐོག་མའི་བསམ་འདུན་དེ་བས་ཀྱང་འགྱུར་མ་མྱོང། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཞལ་འདེབས་འབུལ་བ་དང་སྡེ་མིས་རང་མོས་ལྟར་བསྡུ་བ་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ཕ་ཡུལ་གྱི་སློབ་མ་སྐོར་ཞིག་སློབ་གྲྭ་ཆེན་མོར་བསྐྱལ་བ་རེད། དེ་ལས་ཀྱང་དགའ་འོས་པ་ཞིག་ནི། སློབ་མ་རྣམས་ཕྱིར་ཕ་ཡུལ་ལ་ལོག་ནས་ཕ་ཡུལ་ལ་ཞབས་འདེགས་ཞུ་བཞིན་པ་དེ་ཡིན་ལ། ད་ལྟ་རབ་རྒན་སྡེ་བར་ཁྱིམ་ཚང་ཞིང་ར21དང་ཆེད་ལས་མཉམ་ལས་ཁང4བཙུགས་ནས་ཀོས་ནན་རྫོང་གི་རྣམ་པ་གསར་བའི་བདག་གཉེར་གཙོ་བོའི་གྲངས་འབོར་ཆེས་མང་བའི་སྡེ་བར་གྱུར་ཡོད་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་སྒོ་སྒོར་ཁྲི་བརྒྱ་ལས་བརྒལ་བ་དང་། སྡེ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་བཅུ་ལྷག་གི་སྔོན་དུ་སྒོར་ཁྲི་གཅིག་ལས་ད་ལྟ་སྒོར་ཁྲི1.9ལ་འཕར་ཏེ། འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    རབ་རྒན་སྡེ་བའི་འགྱུར་ལྡོག་ནི་མཚོ་ལྷོ་ཁུལ་གྱི་སྔོན་ཐོན་སློབ་གསོའི་འཐབ་ཇུས་ཀྱི་བསྡུས་གཟུགས་ཡིན། ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གྱིས་སློབ་གསོའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་དང་སློབ་རོགས་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཞིང་། སློབ་གསོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས་སློབ་སྔོན་སློབ་གསོའང་རིམ་གྱིས་ཇེ་ལེགས་སུ་སོང་སྟེ། འོས་འགན་སློབ་གསོའི་སློབ་བྱོལ་ཚད་ཇེ་དམའ་རུ་སོང་ནས་མཐོ་འབྲིང་སློབ་གསོའི་ཁྱབ་རྒྱ་ཆེ་རུ་ཕྱིན་ཏེ། སྡེ་བ་མང་པོ་རབ་རྒན་སྡེ་བ་དང་འདྲ་བར་སློབ་གསོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རོང་འབྲོག་ཁུལ་གྱི་སློབ་མ་མང་པོ་ཞིག་གིས་སློབ་གསོར་བརྟེན་ནས་ལས་དབང་བསྒྱུར་བཞིན་ཡོད་སྟབས། ཚན་རིག་ཞིབ་འཇུག་དང་གཞི་རིམ་ལ་རྐང་འཛུགས་པ། ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱེད་པ་བཅས་ཀྱི་བྱ་བར་རང་ནུས་གང་ཡོད་བཏོན་ཏེ། མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ད་ལྟ་མཚོ་ལྷོ་ཁུལ་གྱིས་སློབ་གསོའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཏེ། སློབ་གསོའི་དོ་སྙོམས་དང་རྒྱུ་སྤུས་ཁག་ཐེག་བྱས་པར་མ་ཟད། སློབ་གསོ་ལས་གྲོང་གསེབ་དར་སྤེལ་དང་འཇོན་མི་སྐྱེད་སྲིང་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།