ཟླ9པའི་ཚེས16ཉིན། རང་ཁུལ་གྱི་གླ་ཕོགས་ཆད་འགྱངས་མེད་པའི་ལས་གཞི་དང་གླ་ཕོགས་ཆད་འགྱངས་མེད་པའི་ལས་རིགས། གླ་ཕོགས་ཆད་འགྱངས་མེད་པའི་ས་ཁུལ་བཅས་ཀྱི་བྱ་བའི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་ཐུན་ཏེ་རྫོང་དུ་བསྡུས་ཤིང་། ཚོགས་འདུ་ལས་ས་ཁུལ་སོ་སོ་དང་ལས་རིགས་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་བསྟུད་མར་ལག་བསྟར་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་བསྡུས་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། འགན་འཁྲི་སྔར་ལས་ཆེ་བ་དང་ཚད་གཞི་སྔར་ལས་མཐོ་བ། བྱེད་ཐབས་སྔར་ལས་ནུས་ལྡན་བཅས་སྤྱད་དེ་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་བཅད་ནས། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་འཆམ་མཐུན་གཏན་འཇགས་ཀྱི་ལས་སྒྲུབ་ཁོར་ཡུག་ཅིག་བསྐྲུན་པར་སྐུལ་འདེད་བཏང་ཞིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བསོད་ནམས་བདེ་སྐྱིད་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཚོགས་འདུ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གླ་ཕོགས་ཆད་འགྱངས་བྱ་བར་བཅོས་སྐྱོང་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འཆམ་མཐུན་ངལ་རྩོལ་འབྲེལ་བ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གལ་ཆེའི་རྣམ་བཤད་གནད་བསྡུས། ཁྲིམས་ལྟར་བསམ་བཞིན་དུ་གླ་ཕོགས་ཆད་འགྱངས་ཀྱི་བྱས་ཉེས་བཟོས་པར་བཅོས་སྐྱོང་བྱེད་པའི་སྐོར་གྱི་དཔེར་མཚོན་གྱོད་དཔེར་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཚོགས་འདུ་ལས་ཁུལ་ཡོངས་ཀྱིས་མེད་པ་གསུམ་གྱི་འཛུགས་སྐྲུན་དམིགས་འབེན་བྱ་བའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་གུང་ཧོ་གི་གླ་ཕོགས་ཆད་འགྱངས་མེད་པའི་ལས་གཞི་འཛུགས་སྐྲུན་བྱེད་པ། ཐུན་ཏེ་རྫོང་གི་གླ་ཕོགས་ཆད་འགྱངས་མེད་པའི་ས་ཁུལ་འཛུགས་སྐྲུན་བྱེད་པ། ཁུལ་ཆུ་བེད་ཅུའུ་ཡིས་གླ་ཕོགས་ཆད་འགྱངས་མེད་པའི་ལས་རིགས་འཛུགས་སྐྲུན་བཅས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་སྤྱི་བསྡོམས་བྱས་ཤིང་། ཐེངས་འདིའི་ཚོགས་འདུ་ནི་ཡུལ་དངོས་ལྟ་སྦྱོང་གི་རྣམ་པས་ཚོགས་ཞུགས་མི་སྣ་རྩ་འཛུགས་བྱས་ཏེ་ཐུན་ཏེ་རྫོང་གི་རླངས་འཁོར་འཇོག་ས་དང་ལུས་རྩལ་སྤྱི་གླིང་གི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་རུ་གླ་ཕོགས་ཆད་འགྱངས་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་དང་ལས་ཞུགས་ངལ་རྩོལ་གྱི་གླ་ཕོགས་ཆེད་བསྐོས་དོ་དམ་པ་མངགས་གཏོང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱིས་ཐག་ཉེ་ས་ནས་ལས་ཞུགས་བྱེད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་རེད།
ཚོགས་འདུ་ལས་ད་ལོའི་ཚུན་དུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་གླ་ཕོགས་ཆད་པའི་བཅོས་སྐྱོང་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཁུལ་ཡོངས་ཀྱི་གླ་ཕོགས་ཆད་གྲངས་དང་དེ་འབྲེལ་གྱི་མི་གྲངས། དངུལ་གྲངས་བཅས་དུས་མཚུངས་ལས65%དང87%། 89%མར་ཆག་ཡོད་ལ། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་ཡིག་བསྐུར་ངོ་བཅར་གྱོད་གཞི་དུས་མཚུངས་ལས37.5%མར་ཆག་པ་དང་། གླ་ཕོགས་ཆད་པའི་གྱོད་གཞིར་དུས་རིམ་རང་བཞིན་གྱིས་ཡོངས་སུ་ཐག་བཅད་དེ་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཞིང་། དུས་རིམ་རྗེས་མར་རྫོང་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་བའི་བརྙན་རིས་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་ནས། དེང་སྐབས་ཀྱི་ལས་དོན་ཁྲོད་གནས་པའི་ཞན་ཆར་ངོས་འཛིན་གསལ་བོ་བྱས་ཏེ་ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཚོགས་འགན་སྲུང་ཐེབས་རྩ་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་སོགས་ཕྱོགས8ཀྱི་ཐད་ནས་ལས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། དམ་པ་དོན་གཉེར་དང་ཡུན་རིང་པོར་བྱས་རྗེས་འཇོག་པར་འབད་བརྩོན་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་ངལ་རྩོལ་པར་ངལ་རྩོལ་བྱས་ན་གླ་ཆ་ཡོད་པ་དང་གླ་ཕོགས་ལ་སེམས་ཁུར་བྱ་མི་དགོས་པའི་འགན་སྲུང་བྱ་དགོས་ཞེས་བསྟན།
ཚོགས་འདུ་ལས་རྫོང་ཁག་དང་སྡེ་ཚན་ཁག་གིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་འཁུར་དགོས་པ་དང་། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲིར་དམ་འཛིན་ཞིབ་ཚགས་བྱེད་པ། ཁེ་ལས་ཀྱི་གཙོ་གནད་འགན་འཁྲི་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ་མཉམ་དུ་དམ་འཛིན་དང་། མཉམ་སྒྲུབ་ཀྱི་རྣམ་པ་ཆགས་པར་བྱ་དགོས།ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་ལྟ་སྐུལ་ལམ་ལུགས་དང་། ཡུན་ཕན་ནུས་ལྡན་གྱི་མཛུབ་སྟོན་ལམ་སྲོལ། མ་ལག་ཆ་ཚང་བའི་འགན་སྲུང་ལམ་ལུགས་བཅས་བཙུགས་ནས་ལས་དོན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། དགེ་མཚན་ལྡན་པའི་དྲིལ་བསྒྲགས་ཀྱི་རྣམ་པ་དང་སྣེ་ཁྲིད་དཔེ་སྟོན་གྱི་རྣམ་པ། སྤྱི་ཚོགས་ཟབ་ཞུགས་བྱེད་པའི་ལྟ་སྐུལ་གྱི་རྣམ་པ་བཅས་ཆགས་པར་བྱས་ནས་མཉམ་བཅོས་མཉམ་སྤྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས་པ་བསྟན།