ཞིང་ཆེན་སྲིད་གྲོས་ཀྱིས་ཚན་རྩལ་གྱིས་ཞིང་ལས་ལ་རོགས་འདེགས་བྱེད་པར་དམིགས་ཏེ་ཨུ་ཡོན་གྱི་ལྟ་བཤེར་བྱ་བ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས12ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། ཧོང་ཀྲུང་ཆུའུ་རུ་སོང་ནས་ཚན་རྩལ་གྱིས་ཞིང་ལས་ལ་རོགས་འདེགས་དང་། གྲོང་གསེབ་དར་སྤེལ་ཐད་རོགས་ཤུགས་འདོན་པའི་ཐད་ནས་ཨུ་ཡོན་གྱི་ལྟ་བཤེར་བྱ་བ་སྤེལ།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཅིན་དབྱང་ཧོས་ཧྥིས་ཞིང་ལས་ཐོན་ལས་རྟེན་གཞི་དང་། ལན་ལུང་ཁིའུ་ཏོན་པ་དབྱིན་སུར་པིན་འདེབས་འཛུགས་རྟེན་གཞི། ཁྲང་ཆིན་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཅས་སུ་སོང་ནས། ཡུལ་དངོས་ནས་ཞིང་ལས་དང་། སྔོ་ཚལ་ཐོན་ལས། འཁྱག་འབྲེལ་འཁོར་རྒྱུགས། ཞིང་ལས་སྐུལ་འདེད་དང་ཡོང་འབབ་འཕར་སྣོན་སོགས་ཀྱི་ལག་བསྟར་གནས་ཚུལ་ལ་རྒྱུས་ལོན་བྱས།

རྟོག་ཞིབ་ཚན་ཆུང་གིས་བལྟས་ན། ཟི་ལིང་གྲོང་ཁྱེར་གྱིས་ནམ་ཟླའི་ཆ་རྐྱེན་དང་ཁུལ་ཁོངས་སྐྱེ་ཁམས་ཀྱི་དགེ་མཚན་ལ་རྐང་འཛུགས་པ་དང་། མཐོ་སྒང་གི་འཁྱག་གྲང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆའི་དཀྱིལ་སྙིང་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ནས། མཚོ་སྔོན་གྱི་ཟོང་རྟགས་ཡོད་པའི་འཁྱག་གྲང་སྔོ་ཚལ་ལ་ཞིང་ཆེན་ཕྱི་ནང་ཀུན་གྱི་འཛད་སྤྱོད་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་པ་དང་། རིམ་བཞིན་དུ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དཔལ་འབྱོར་གྱི་འཕར་གཞི་གསར་པ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད་པར་འདོད།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། བྱང་གསུམ་བྱ་བ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་འདོན་ནུས་པ་ཇེ་ཆེར་གཏོང་དགོས། ཟི་ལིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆའི་དཀྱིལ་སྙིང་གྲོང་ཁྱེར་གྱི་ངེས་གནས་ལ་རྐང་བཙུགས་ཏེ། ཚད་གཞི་གཏན་འབེབ་དང་། ཚོང་རྟགས་བསྐྲུན་པ། དྲིལ་སྒྲོག་འོས་སྦྱོར། དཔྱད་ཞིབ་དཔང་སྤྲོད་སོགས་ཀྱི་བྱ་བ་ལེགས་བཅོས་དང་འཐུས་ཚང་དུ་བཏང་ནས། ཁྲོམ་རའི་དགོས་མཁོ་མུ་མཐུད་སྔོག་འདོན་དང་། ཞིང་ལས་ཕན་ནུས་རྒྱ་སྐྱེད་དང་ཞིང་བའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་དགོས། དཔེ་སྟོན་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྔོན་ཐོན་ཐོན་སྐྱེད་རྒྱུ་རྐྱེན་དང་ལག་རྩལ་དཔེ་གཞི་ནང་འདྲེན་བྱེད་པ། སྣེ་འདྲེན་ཁེ་ལས་སྔར་ལས་མང་པོ་གསོ་སྐྱོང་དང་རྒྱ་བསྐྱེད་པ། ས་ཞིང་འཁོར་རྒྱུགས་དང་མཉམ་ལས་མ་རྐང་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱོད་པར་སྐུལ་མ་གཏོང་བ། གསར་དར་བདག་གཉེར་གཙོ་གཞི་འཛུགས་གྲུབ་བྱས་ནས། ཐོན་ལས་མནའ་འབྲེལ་དང་ཚོགས་སྒྲིག་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱས་ཏེ་ཁྲོམ་རའི་འགྲན་རྩོད་ནུས་པ་ཕན་ཡོད་སྒོས་ཇེ་ཆེར་གཏོང་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།