རྨ་ལྷོ་ཁུལ་གྱིས་ཐོན་རྫས་མིང་གྲགས་ཅན་གཉེར་སྐྱོང་ལ་བརྟེན་ནས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བླ་ལྷག་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། རྨ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཐོན་ལས་ཆ་འཕྲིན་ཁི་ཡི་ཁི་ཀྲང་མཁའ་འབུམ་རྒྱལ་གྱིས་གསར་འགོད་པར་ངོ་སྤྲོད་བྱས་ནས་བཤད་རྒྱུར། ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ལུག་དང་རྩེ་ཁོག་གི་ནས་ནག རྩེ་ཁོག་གི་འབྲི་མོའི་འོ་མ། རྩེ་ཁོག་གི་ནོར་གནག་བཅས་ཐོན་རྫས་མིང་གྲགས་ཅན་བཞི་རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་ལ་དམིགས་བསལ་ཡིན་པ། སྤུས་ཀ་ལེགས་ཤིང་གསར་ཤོས་ཆེ་བ་བཅས་ཀྱི་མིང་ཐོའི་ནང་བདམས་ཐོན་བྱུང་ལ། དེ་ནི་རྨ་ལྷོ་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀར་ཁས་ལེན་ཐོབ་པ་ཙམ་མ་ཡིན་པར། རྨ་ལྷོ་ཁུལ་གྱིས་ཞིང་ཕྱུགས་སྐོར་གྱི་ཐོན་རྫས་མིང་གྲགས་ཅན་གཉེར་སྐྱོང་ཁྱབ་ཁོངས་སུ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ཐུབ་ལ། ཞིང་ཕྱུགས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བར་་རོགས་རམ་བྱེད་པ་ལ་གསོན་ཤུགས་གསར་པ་བསྣན་ཡོད་ཟེར།

རྨ་ལྷོ་ཁུལ་གྱིས་ཞིང་ཕྱུགས་སྐོར་གྱི་མིང་གྲགས་ཐོན་རྫས་གཉེར་སྐྱོང་བྱ་རྒྱུ་དེ་ཞིང་ཕྱུགས་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་སར་བརྩིས་ཏེ། བྱེད་ཐབས་མང་པོ་སྤྱད་དེ་མིང་གྲགས་ཐོན་རྫས་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས། སྤུས་ཚད་དོ་དམ་ཚོད་འཛིན་ཐད་འབྱུང་རྩ་ནས་སྤུས་ཚད་ཀྱི་འགོག་སྲུང་བརྟན་པོ་བཙུགས་ཡོད། ཕྱོགས་གཅིག་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་ཁག་གིས་སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། སྤུས་ཚད་དོ་དམ་ཚོད་འཛིན་དེ་གསོ་སྤེལ་དང་ལས་སྣོན། འཁོར་རྒྱུག་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས། ནོར་གནག་དང་ས་གནས་ཀྱི་ལུག ནས་ནག་སོགས་ཁྱད་སྟོབས་ཐོན་རྫས་ལ་དམ་པོར་དམིགས་ཏེ། ཆེད་སྤྱོད་ཐོན་སྐྱེད་ལག་རྩལ་ཚད་གཞི་བཟོས་ནས་ཐོན་རྫས་མིང་གྲགས་ཅན་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིངས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།