ཞིང་ཆེན་མི་དོན་ཐིན་གྱིས་སྡོམ་རྩིས་གཞི་གྲངས་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དང་ཕན་འབྲས་ཇེ་མཐོར་གཏོང་བར་རོགས་ཤུགས་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མི་དོན་ཁྱབ་ཁོངས་ཀྱི་སྡོམ་རྩིས་གཞི་གྲངས་མཉམ་སྤྱོད་རྐྱེན་སྲོལ་ཧུར་ཐག་གིས་བཙུགས་ནས། གཞི་གྲངས་བཅོས་སྐྱོང་གསར་གཏོད་ཐད་ཕན་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་བ་དང་། གཞི་རིམ་གྱི་གཞི་གྲངས་ལེན་པ་ནས་མ་ལག་གི་གཞི་གྲངས་ལེན་པའི་འགྱུར་ལྡོག་མངོན་འགྱུར་བྱུང་ལ། གཞི་གྲངས་ཀྱི་བཀག་རྒྱ་གཏོར་བ་དང་། གཞི་གྲངས་ནུས་མཐོ་སྒོས་འཁོར་རྒྱུག་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། བཅོས་སྐྱོང་གསར་གཏོད་ཟབ་སྤེལ་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་སྟོབས་ནུས་སྦྱིན་པའི་ནུས་ལྡན་གྱི་བྱེད་ཐབས་སུ་གྱུར།

ཞིང་ཆེན་མི་དོན་ཐིན་གྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། སྡོམ་རྩིས་གཞི་གྲངས་ཀྱི་འཚོལ་བསྡུ་ཁ་ཐོར་དང་ཕྱོགས་མང་པོས་རེའུ་མིག་སྐོང་བ། མཉམ་སྤྱོད་གནད་འཁེལ་མིན་པ་སོགས་ཀྱི་དཀའ་གནད་འགག་གནད་ལ་དམིགས་ནས། སྡོམ་རྩིས་གཞི་གྲངས་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི་བཏོན་པ་དང་། གཞི་གྲངས་མཉམ་སྤྱོད་གསལ་ཐོ་དང་བརྒྱུད་རིམ། དོ་དམ་བླང་བྱ་བཅས་གཏན་འཁེལ་གསལ་བོ་བྱས། སྡེ་ཁག་མང་པོའི་མཐུན་སྦྱོར་མཉམ་བཅོས་ཀྱི་བྱ་བའི་མ་ལག་བཙུགས་པ་བརྒྱུད། གཞུང་སྒྲུབ་མ་ལག་གསར་འབྱེད་འཛུགས་སྐྲུན་གྱི་གཅིག་གྱུར་གཞི་གྲངས་མཉམ་སྤྱོད་སྟེགས་བུར་བརྟེན་ནས། གྲོང་རྡལ་གྱི་གསར་དར་ལས་ཞུགས་དང་དཀའ་ཁག་ཡོད་པའི་ཚོགས་པའི་ཡང་བསྐྱར་ལས་ཞུགས། གཞི་རྩའི་རྒན་གསོའི་འགན་བཅོལ་སོགས་གཞི་གྲངས་གཙོ་བོ་ཁག་སོ་དྲུག་གི་འགུལ་རྣམ་མཉམ་སྤྱོད་མངོན་འགྱུར་བྱུང་ལ། དམངས་ཚིས་དམིགས་ཚད་མང་པོ་ཟླ་རེར་གསར་སྒྱུར་བྱས་ཏེ་སྐབས་བསྟུན་ཞིབ་བཤེར་བྱས།

གཞི་གྲངས་གཅིག་སྡུད་བྱེད་པའི་ཕྱོགས་ནས། ལས་སྒོའི་སྡེ་ཁག་དང་སྡོམ་རྩིས་སྡེ་ཁག། ལག་རྩལ་སྡེ་ཁག་བཅས་ཀྱི་ལས་འགན་གཏན་འཁེལ་གསལ་བོ་བྱས་པ་དང་། བརྒྱུད་བསྐུར་ཐབས་ལམ་གཅིག་གྱུར་བྱས་ཏེ། ཕྱོགས་མང་པོར་མཁོ་བ་དང་བསྐྱར་ཟློས་ངང་བརྒྱུད་སྐུར་བྱེད་པའི་སྣང་ཚུལ་མི་འབྱུང་བར་བྱས། སྟེགས་བུས་རང་འགུལ་ངང་རེའུ་མིག་གྲུབ་པ་དང་། ཐེངས་གཅིག་ལ་ཁ་བསྐངས་ནས་ཕྱོགས་མང་པོས་བཀོལ་བ་སོགས་ཀྱི་བྱེད་ནུས་བརྒྱུད་དེ། གཞི་རིམ་གྱི་བྱ་བའི་ཁུར་པོ་ཆེས་ཆེར་ཇེ་ཡང་དུ་བཏང་བ་དང་། ལས་ཕྱོད་ཇེ་མཐོར་བཏང་། དེ་དང་མཉམ་དུ། གཞི་གྲངས་ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ་ལག་བསྟར་ནན་མོ་བྱས་པ་དང་། བདེ་འཇགས་འགོག་སྲུང་ལ་ཤུགས་བསྣན་ནས། གཞི་གྲངས་དེ་བདེན་པ་དང་། ཡང་དག འཐུས་ཚང་དང་དུས་བསྟུན་བཅས་ཡིན་པར་ཁག་ཐེག་བྱས།

དེ་ལས་གཞན། རྐྱེན་སྲོལ་དེས་བེད་སྤྱོད་ཁོར་ཡུག་དང་མཉམ་སྤྱོད་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས། གཞི་གྲངས་དགོས་མཁོའི་འགུལ་རྣམ་དཔྱད་འཇོག་རྐྱེན་སྲོལ་བཙུགས་པ་དང་། ཏང་སྲིད་ཀྱིས་སེམས་ཁུར་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམིགས་ཚད་མཉམ་སྤྱོད་བྱས་པར་མ་ཟད་རིག་ནུས་ཚད་ལེན་དང་མཐོང་སྣང་དབྱེ་ཞིབ་སོགས་ཀྱི་ལག་ཆ་འཚོལ་ཞིབ་དང་ནང་འདྲེན་བྱས་ཏེ། གཞི་གྲངས་སྤྱོད་བདེ་ལ་ལེགས་པོར་སྤྱོད་པར་སྐུལ་འདེད་བཏང་། མིག་སྔར། གཞི་གྲངས་ཁ་ཤས་གྲོང་ཁྱེར་དང་ཁུལ་དུ་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ལ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་སྟོབས་ནུས་སྦྱིན་པའི་ཁེབས་ཚད་རྒྱུན་མཐུད་ངང་ཇེ་ཆེར་བཏང་ཞིང་། བརྒྱུད་རིམ་ཧྲིལ་བོའི་གཞི་གྲངས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་རྗེས་འདེད་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། མི་དོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གཞི་གྲངས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།