ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་དེ། ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་ཕྱི་འབྲེལ་གཞུང་ཚབ་ལས་ཁུངས་ཀྱི་ཀྲུང་གོའི་གླ་པ་དོ་དམ་སྲོལ་ཡིག་ཁྱབ་བསྒྲགས་བྱས་ཤིང་། དེ2026ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྲོལ་ཡིག་དེས་ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་ཕྱི་འབྲེལ་གཞུང་ཚབ་ལས་ཁུངས་ཀྱི་ལག་བསྟར་འགན་ནུས་སྟབས་བདེ་རུ་བསྒྱུར་བ་དང་། ཀྲུང་གོའི་གླ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་གཙོར་བཟུང་ཡོད། སྲོལ་ཡིག་ལ་བསྡོམས་པས་དོན་ཚན་བཅུ་གཉིས་ཡོད་ལ། གཙོ་བོ་གཤམ་གྱི་ནང་དོན་ཁག་གཏན་འབེབས་བྱས་ཡོད།

གཅིག སྤྱིའི་བླང་བྱ་གསལ་བོར་བཏོན་ཡོད་དེ། ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་ཕྱི་འབྲེལ་གཞུང་ཚབ་ལས་ཁུངས་ཀྱིས་ཀྲུང་གོའི་གླ་པ་གླ་བར་སྟབས་བདེ་འདོན་སྤྲོད་བྱེད་པ། ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་ཕྱི་འབྲེལ་གཞུང་ཚབ་ལས་ཁུངས་ཀྱིས་ཀྲུང་གོའི་བཅའ་ཁྲིམས་དང་། ཁྲིམས་སྲོལ་ལ་བརྩི་འཇོག་བྱས་ནས། ཀྲུང་གོའི་གླ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས།

གཉིས། དོ་དམ་འགན་འཁྲི་གསལ་བོར་བཏོན་ཡོད་དེ། ཕྱི་འབྲེལ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཀྲུང་གོའི་གླ་པའི་དོ་དམ་བྱ་བར་མཛུབ་སྟོན་དང་མཐུན་སྦྱོར་བྱེད་པའི་འགན་ཁུར་བ། ཕྱི་འབྲེལ་པུའུ་ཡི་མངག་བཅོལ་ལས་ཁུངས་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཕྱི་དོན་དོ་དམ་སྡེ་ཁག་གིས་སོ་སོར་ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་རང་ས་གནས་ཀྱི་སྲིད་འཛིན་ཁུལ་ཁོངས་ཕྱི་ནང་གི་ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་དོན་ལས་ཁུངས་ཀྱི་ཀྲུང་གོའི་གླ་པ་དོ་དམ་བྱ་བར་འགན་ཁུར་བ། འབྲེལ་ཡོད་ལས་ཁུངས་གཞན་པས་འགན་འཁྲིའི་ཁྱབ་ཁོངས་ནང་འབྲེལ་ཡོད་བྱ་བར་གཞོགས་འདེགས་གང་ལེགས་བྱེད་དགོས།

གསུམ། གླས་གཏོང་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད་དེ། ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་དོན་ལས་ཁུངས་གྱིས་ཕྱི་འབྲེལ་པུའུ་ཡིས་བཙུགས་པའི་ཀྲུང་གོའི་གླ་པའི་མི་ཤུགས་ཐོན་ཁུངས་སྟེགས་བུ་བརྒྱུད་དེ་ཀྲུང་གོའི་གླ་པ་གླ་བ་དང་། ཕྱི་དོན་ཞབས་ཞུའི་ལས་ཁུངས་བར་ཞབས་ཞུའི་གྲོས་ཆོད་འཇོག་པ། ཕྱི་དོན་ཞབས་ཞུའི་ལས་ཁུངས་དང་ཀྲུང་གོའི་གླ་པའི་བར་ངལ་རྩོལ་གན་རྒྱ་འཇོག་པ། ཞབས་ཞུའི་གྲོས་ཆོད་དང་ངལ་རྩོལ་གན་རྒྱའི་ནང་ཀྲུང་གོའི་གླ་པའི་ཁེ་དབང་ལ་འགན་སྲུང་བྱ་བའི་འབྲེལ་ཡོད་ནང་དོན་ཡོད་དགོས།

བཞི། འགན་སྒྲུབ་བླང་བྱ་གསལ་སྟོན་བྱས་ཡོད་དེ། ཀྲུང་གོའི་གླ་པས་ཀྲུང་གོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་ལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བ་དང་སྤྱི་ཚོགས་སྤྱི་བའི་ཁེ་ཕན་ལ་གནོད་སྐྱེལ་བའི་བྱ་སྤྱོད་སྤེལ་མི་རུང་། ཕྱི་འབྲེལ་འཐུས་མི་དང་གཞུང་ཚབ་པའི་ཐོབ་ཐང་སྤྱད་ནས་བྱེད་སྒོ་གང་རུང་ལ་ཞུགས་མི་ཆོག

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།