མཚོ་སྔོན་རྨ་ལྷོའི་འགྲེམས་ཁང་འདི་ཤང་ཀང་དུ་ཐོག་མར་འགྲེམས་སྟོན་བྱས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

      ཟླ་9པའི་ཚེས་10ཉིན། ཤང་ཀང་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པའི་ཤང་ཀང་གི“རྒྱུད་གཅིག་ལམ་གཅིག”མཐོ་རིམ་གླེང་སྟེགས་སྐབས་བཅུ་པའི་ཐོག་མཚོ་སྔོན་རྨ་ལྷོའི་འགྲེམས་ཁང་འགྲེམས་སྟོན་ཐེངས་དང་པོ་བྱས་ཡོད་པ་རེད།

     ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཀྱིས་མཉམ་ལས་ལས་འགྱུར་ལྡོག་བརྩོན་པ་དང་འབྱུང་འགྱུར་ཐུན་མོང་ཐོག་འཛུགས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་18མཉམ་དུ་འཛོམས་ནས་དངུལ་རྩའི་མ་འཇོག་དང་ཚན་རྩལ་གསར་གཏོད། རྨང་གཞིའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོའི་ཚོང་ལས་ཀྱི་གོ་སྐབས་ལ་གྲོས་བསྡུར་གཏིང་ཟབ་བྱས་ནས། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་འཛུགས་པར་གྲོས་བསྡུར་བྱས་ཡོད།

     མཚོ་སྔོན་རྨ་ལྷོ་འགྲེམས་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་50ཟིན་པ་དང་། རབ་མཛེས་མཚོ་སྔོན། ཡིད་འོང་རྨ་ལྷོ་བརྗོད་བྱ་གཙོ་བོར་བྱས་ནས་ཁྱོན་བསྡོམས་ཁྱད་ལྡན་ཁེ་ལས་28སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད།

     མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཀྲེན་ལི་ཤིན་གྱིས། མཚོ་སྔོན་རྨ་ལྷོ་འགྲེམས་ཁང་“རྒྱུད་གཅིག་ལམ་གཅིག”མཐོ་རིམ་གླེང་སྟེགས་ཀྱི་འགྲེམས་ཚོགས་སུ་ཐེངས་དང་པོ་ཞུགས་པ་དེས་ཕྱི་ཕྱོགས་ཀྱིས་མཚོ་སྔོན་རྨ་ལྷོའི་སྣ་མང་རིག་གནས་ཤེས་རྟོགས་དང་ཁས་ལེན་ཟབ་ཏུ་ཕྱིན་པ་མ་ཟད།མཚོ་སྔོན་རྨ་ལྷོའི་ཁེ་ལས་ལ་རྒྱལ་སྤྱིའི་ཁྲོམ་ར་དང་འབྲེལ་མཐུད་བྱེད་པའི་གོ་སྐབས་གལ་ཆེན་བསྐྲུན་ནས་ཁྱད་ལྡན་ཐོན་ལས་ཕྱི་ཕྱོགས་ལ་ཁྱབ་སྤེལ་དང་ཉོ་ཚོང་འགྲོ་འོང་བྱེད་པར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅེས་བརྗོད།

     བྱེད་སྒོའི་ཡུལ་དངོས་སུ་འགྲེམས་སྟོན་བྱས་པའི་ཐང་ག་དང་བོད་སྤོས། ནས་ནག མི་རིགས་ལག་ཤེས་ཐོན་རྫས་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་རིགས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་མ་ཐག་ཤང་ཀང་གི་གྲོང་མི་ཚོས་དོ་ཁུར་དང་དགའ་པོ་གནང་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།