མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལག་བསྟར་བྱས་ནས་འཛད་སྤྱོད་པའི་དངུལ་རྩའི་བྱང་ཚད་དང་ཉེན་ཁ་སྔོན་འགོག་ནུས་པ་ཇེ་མཐོར་གཏོང་ཆེད། ཟླ9པའི་ཚེས15ཉིན་ཞིང་ཆེན་ཨུ་ལྷན་དངུལ་རྩའི་གཞུང་དོན་ཁང་དང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་ཅུའུ། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་དངུལ་རྩའི་སློབ་གསོ་དྲིལ་སྒྲོག་གཟའ་འཁོར་(མཚོ་སྔོན་ཡན་ལག་ཚོགས་རར་)འགོ་ཚུགས་མཛད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་འཚོགས།
ཐེངས་འདིའི་བྱེད་སྒོ་དེ“དངུལ་རྩའི་ཁེ་དབང་འགན་སྲུང་དང་མཛེས་སྡུག་ལྡན་པའི་འཚོ་བར་རོགས་རམ་བྱེད་པ”བརྗོད་བྱ་གཙོ་བོར་བྱས་ཡོད། འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་རིག་རྩལ་འཁྲབ་སྟོན་དང་མི་སེར་གྱི་གཏམ་ལ་བརྟེན་ནས་དངུལ་རྩའི་ཤེས་བྱ་དྲིལ་སྒྲོག་བྱས་ཏེ། རྒྱུན་གཏན་གྱི་འཚོ་བའི་རྣམ་པ་ནས་མཐོང་ཐོས་དགའ་བའི་བྱེད་ཐབས་ལ་བརྟེན་ནས་གློག་འཕྲིན་མགོ་སྐོར་དང་ཐག་ཇེ་རིང་དུ་གཏོང་བ་དང་། དངུལ་རྩའི་ཐོན་རྫས་འོས་འཚམ་ཇི་ལྟར་འདེམས་པ། དངུལ་རྩའི་དྲིལ་སྒྲོག་རྫུན་མ་ཅི་ཞིག་ཡིན་པར་ཡིད་ཆེས་བྱེད་མི་རུང་སོགས་དངུལ་རྩའི་ཤེས་བྱ་ཁྱབ་གདལ་བཏང་ནས་རོང་འབྲོག་མང་ཚོགས་ལ་“དངུལ་རྩ་བསླབ་ནས་དངུལ་རྩ་ཤེས་པ་དང་། དངུལ་རྩ་ཡིད་རྟོན་བྱས་ནས་དངུལ་རྩ་སྤྱོད་པ”ལ་རོགས་རམ་བྱས། དེ་དང་ཆབས་ཅིག་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲིས་ལན་སྤེལ་ནས་ཚང་མས་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་འགུགས། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དངུལ་རྩའི་ཁྲོམ་ར་བཙུགས་ཏེ་དངུལ་རྩའི་སྒྲིག་གཞི་ཁག་གིས་དྲིལ་སྒྲོག་འགྲེམས་སྟེགས་འཛུགས་པ་དང་། དྲིལ་སྒྲོག་སྦྱར་ཡིག་འགེལ་བ། དངུལ་རྩའི་ཤེས་བྱའི་མཉམ་འགུལ་རོལ་རྩེད་ཆུང་ཆུང་ཇུས་འགོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རོང་འབྲོག་མང་ཚོགས་ལ་དངུལ་རྩའི་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ཡུལ་དངོས་སུ་འཛད་སྤྱོད་པའི་ལས་སྒོའི་བློ་འདྲི་ལ་ལན་འདེབས་པ་དང་། ངོ་ཐུག་འབྲེལ་གཏུག་བརྒྱུད་དངུལ་རྩའི་ཤེས་བྱ་མི་སེམས་སུ་འཇགས་པར་སྐུལ་འདེད་བཏང་།
ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་མ་ལག་གིས་དངུལ་རྩ་ནི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་ལ་སྟབས་བདེ་དང་དམངས་ལ་ཕན་པའི་ཐོན་རྫས་དང་ཞབས་ཞུ་རབ་དང་རིམ་པ་བཏོན་པ་དང་། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཟོས། མི་དམངས་མང་ཚོགས་ཀྱིས་མཐོང་ཐོས་དགའ་བའི་དངུལ་རྩའི་སློབ་གསོ་དྲིལ་སྒྲོག་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་གང་སར་ཁྱབ་པའི་ཚོང་གཉེར་དྲ་ཚིགས་དང་། རྟ་ཐོག་གི་དངུལ་རྩའི་འཛད་སྤྱོད་འགན་སྲུང་། སྐོར་སྐྱོད་དངུལ་རྩའི་ཞབས་ཞུའི་རླངས་འཁོར་སོགས་བརྒྱུད་དེ“མཚོ་སྔོན་རྟགས་ཅན”་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། དངུལ་རྩའི་ཤེས་བྱ་ཞིང་ཁ་དང་རྩྭ་ཐང་འབྲོག་ཁུལ་དུ་སྐྱེལ་བས། དངུལ་རྩའི་“ཆར་ཟངས་”མཐོ་སྒང་གི་ས་གཞི་བརླན་པར་བྱས་ནས་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། དྲིལ་སྒྲོག་གཟའ་འཁོར་རིང་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་སློབ་གསོ་དྲ་རྒྱ་ཅན་དང་ཁྱད་ཆོས་ཅན་དུ་འགྱུར་བར་སྐུལ་འདེད་དང་།“ཉེན་ཁའི་དྲན་སྐུལ་སྒོ་ཁར་སྐྱེལ་བའི”བྱ་སྤྱོད། ལས་རིགས་ཀྱི་ཕུལ་བྱུང་དངུལ་རྩའི་སློབ་གསོའི་བརྩམས་ཆོས་ཁྱབ་སྒྲོག་སོགས་ཚུད་པའི་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་དེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་མངོན་འགྱུར་བྱ་ཆེད་དངུལ་རྩའི་སྟོབས་ཤུགས་ལ་བརྟེན་ནས་་བྱས་རྗེས་སྔར་ལས་མང་པོ་བཞག་ཡོད་དོ། །