རྨ་ལྷོ་ཁུལ་གྱིས་སྤུས་རྟགས་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་ཕྱུགས་ལས་འཕེལ་རྒྱས་ལ་ནུས་པ་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། རྨ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཐོན་ལས་ཆ་འཕྲིན་ཁོའུ་ཡི་ཁོའུ་ཀྲང་མཁའ་འབུམ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ལུག་དང་རྩེ་ཁོག་གི་ནས་ནག རྩེ་ཁོག་གི་འབྲི་མོའི་འོ་མ། རྩེ་ཁོག་གི་ནོར་གནག་བཅས་ཐོན་རྫས4རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་བ་ལ་དམིགས་བསལ་ཡིན་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི་མིང་ཐོའི་ནང་བདམས་ཐོན་བྱུང་ལ། དེ་ནི་རྨ་ལྷོ་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀར་ཁས་ལེན་ཐོབ་པ་ཙམ་མ་ཡིན་པར། རྨ་ལྷོ་ཁུལ་གྱིས་ཞིང་ཕྱུགས་སྐོར་གྱི་ཐོན་རྫས་སྤུས་རྟགས་གཉེར་སྐྱོང་ཁྱབ་ཁོངས་སུ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ཐུབ་པས། ཞིང་ཕྱུགས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་པ་བཅས་ལ་གསོན་ཤུགས་གསར་པ་བསྣན་ཡོད་ཟེར།

རྨ་ལྷོ་ཁུལ་གྱིས་ཞིང་ཕྱུགས་སྐོར་གྱི་སྤུས་རྟགས་ཐོན་རྫས་གཉེར་སྐྱོང་བྱ་བ་དེ་ཞིང་ཕྱུགས་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་སར་བརྩིས་ཏེ། བྱེད་ཐབས་མང་པོ་སྤྱད་དེ་སྤུས་རྟགས་ཐོན་རྫས་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས། སྤུས་ཚད་དོ་དམ་ཚོད་འཛིན་ཐད་འབྱུང་རྩ་ནས་སྤུས་ཚད་ཀྱི་འགོག་སྲུང་བརྟན་པོ་བཙུགས། དེ་ཡང་ཕྱོགས་གཅིག་ནས། ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་ཁག་གིས་སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་བར་སྐུལ་འདེད་བཏང་ནས། སྤུས་ཚད་དོ་དམ་ཚོད་འཛིན་དེ་གསོ་སྤེལ་དང་ལས་སྣོན། འཁོར་རྒྱུག་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་དང་། ཕྱོགས་གཞན་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཕྱོགས་ཡོངས་ལ་ཁྱབ་གདལ་བཏང་ནས། ནོར་གནག་དང་བོད་ལུག ནས་ནག་སོགས་ཁྱད་ལྡན་ཐོན་རྫས་ལ་དམ་པོར་དམིགས་ཏེ། ཆེད་སྤྱོད་ཐོན་སྐྱེད་ལག་རྩལ་ཚད་གཞི་བཟོས་ནས་སྤུས་རྟགས་ཐོན་རྫས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིངས།

སྤུས་རྟགས་གསོ་སྐྱོང་བྱེད་པའི་རིང་དུ། ས་ཁོངས་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། དབྱེ་འབྱེད་ཚད་ལྡན་ཡིན་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ལིང་ཚེ་གཏོད་དགོས། རྩེ་ཁོག་རྫོང་གིས་ནོར་གནག་དང་བོད་ལུག ནས་ནག འོ་བཟོས་བཟའ་བཅའ།  ཤ་མོ་སེར་པོ། གྲོ་མ། པད་ཁའི་སྣུམ། བོད་སྨན་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་བརྒྱད་ལ་དམིགས་ནས“རྩེ་ཁོག་གི་སྤུས་ལེགས་འབྲོག་རྫས”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱས་པ་དང་། སོག་རྫོང་གིས“ཐོན་སློབ་ཞིབ་གསུམ”ཟུང་འབྲེལ་བྱས་ནས་ལྗང་མདོག་སྐྱེ་ལྡན་ཕྱུགས་རིགས་ཞིབ་འཇུག་ཁང་བཙུགས། སྐྱེ་ཁམས་གྱི་སྐྱེ་ལྡན་ཐོན་རྫས་རིགས330ལྷག་ཞིབ་འཇུག་གསར་སྤེལ་བྱས་པ་དང་། ཚོང་རྟགས་ཐོ་འགོད་ཁག26དང་རིགས144ལེགས་འགྲུབ་བྱས་པ་དང་། རྨ་ལྷོའི་སྤུས་ལེགས་རོང་འབྲོག་ཐོན་རྫས་རིམ་བཞིན་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་པར་སྐུལ་འདེད་བཏང་བ་རེད།

སྤུས་རྟགས་འཛུགས་སྐྲུན་གྱིས་སྣེ་ཁྲིད་ནས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་། གསར་དུ་བདམས་པའི་རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་ལ་དམིགས་བསལ་ཡིན་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པར་དམིགས་ནས། སྣ་ཁ་སྤུས་ལེགས་གསོ་སྐྱོང་དང་རྒྱུ་སྤུས་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་ཞིང་། ཞིང་ལས་ཐོན་རྫས་དེ“ཐོག་མའི་ལས་སྣོན་”ནས“ཞིབ་ཚགས་ལས་སྣོན་དང་སྤུས་རྟགས་ཅན་གྱི་ཚོང་གཉེར”ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས། བྱེད་ཐབས་རབ་དང་རིམ་པ་དེ་དག་གིས་ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ་མ་ཟད། མཚོ་སྔོན་ལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པ་དང་ཞིང་ཕྱུགས་ལས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།