ཉེ་ལམ། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་ནས་ཤེས་གསལ་ལྟར་ན། “ཁེ་ལས་ཀྱི་སྦགས་བཙོག་དང་། མང་ཚོགས་ལ་གནོད་འཚེ་ཕོག་ན། སྲིད་གཞུང་གིས་ལེགས་བཅོས་བྱེད་པ”བཅས་ཀྱི་བཅོས་སྐྱོང་དཀའ་གནད་སེལ་ཆེད། མཚོ་བྱང་ཁུལ་གྱིས“ཁོར་ཡུག་ལ་སྦགས་བཙོག་བཟོས་ན་འགན་འཁྲི་འཁུར་དགོས་པའི”ལྟེ་བའི་རྩ་དོན་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ། ལམ་ལུགས་ཅན་དང་གནད་སྨིན་ཅན་གྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས།
མཚོ་བྱང་ཁུལ་གྱིས“གདམ་འོས་ཡོངས་འདེམ་དང་འཇལ་འོས་ཡོངས་འཇལ”གྱི་བྱ་བའི་ཚད་གཞི་བརྩི་སྲུང་ནན་མོ་བྱས་ཏེ། ལོ་རྒྱུས་ཐོག་ལུས་པའི་སྐྱེ་ཁམས་གནད་དོན་ལ་དམ་པོར་དམིགས་པ་དང་། གྱོད་གཞི་མང་པོ་ཞིག་གི་འབྱུང་ཁུངས་ལ་འཐེན་བཤེར་བྱེད་པའི་མ་ལག་འཛུགས་པ། སྐྱེ་ཁམས་གནོད་འཚེ་ལ་སྐྱིན་ཚབ་འཇལ་བའི་“གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས”ཀྱི་ཕྱིར་ལྟའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས། “གཙང་བཤེར་རྣམ་པའི”ཐོག་ནས་ཁེ་ལས་ཀྱི་སྦགས་བཙོག་བདའ་འདེད་མཐའ་གཅིག་ཏུ་བཏང་། ཁུངས་སྣེ་དེ་ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ནས་ཁེ་ལས་ཀྱིས་སྒྲིག་འགལ་ངང་བཙོག་འབུད་བྱེད་པ་སོགས་ལས་བྱུང་བའི་ཁྲིམས་འགལ་བྱ་སྤྱོད་ལ་དམ་པོར་དམིགས་ཏེ་སྐྱེ་ཁམས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་དུས་གཅིག་ཏུ་གྲལ་བཤེར་བྱས་ཏེ“ཡུལ་དངོས་སུ་སྐོར་ཞིབ་བྱས་ནས་ཁུངས་སྣེ་རྙེད་པ་དང་ཕྱོགས་གསུམ་པས་དཔྱད་སྡོམ་བྱས་ནས་ཁྲིམས་ལྟར་སྐྱིན་ཚབ་བདའ་འདེད་གཏོང་བའི”བྱེད་ཐབས་ལམ་སྲོལ་གསར་གཏོད་བྱས་ཏེ། འབྱུང་རྩ་ནས“སྦགས་བཙོག་བཟོ་བ་དང་། འགོར་འགྱངས་བྱེད་པ། འགན་འཁུར་མཁན་མེད་པ”བཅས་ཀྱི་རྐྱེན་སྲོལ་ངན་པ་བཀག་འགོག་བྱེད་རྒྱུ།
“སུས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། སྐྱེ་ཁམས་གནོད་འཚེའི་སྐྱིན་ཚབ་འཇལ་བའི་ཁྲིམས་སྐྱོང་འདུ་ཤེས་དེ་རྒྱུན་ལྡན་གྱི་སྲིད་འཛིན་ཞིབ་བཤེར་དང་གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ་དང་། ཁྲིམས་འཛིན་མི་སྣས་རང་འགུལ་ངང“ཁོར་ཡུག་ལ་རིན་གོང་ཡོད་པ་དང་གནོད་འཚེར་འགན་འཁྲི་འཁུར་བའི”རྩ་དོན་དང་དེ་བཞིན་སྐྱིན་ཚབ་འཇལ་བའི་བརྒྱུད་རིམ་འགྲེལ་བཤད་བརྒྱབ་ནས། ཁེ་ལས་ཀྱིས་ཁྲིམས་འགལ་ངང་བཙོག་འབུད་བྱས་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཁ་གསལ་བཟོ་དགོས། སྲིད་དོན་སྨྱན་སྦྱོར་གསར་པ་སོགས་ཀྱི་ཐབས་ལམ་བརྒྱུད་དམངས་ཡོངས་ལ་སྐྱེ་ཁམས་ ཐད་གནོད་འཚེ་བཟོས་རྗེས་སྐྱིན་ཚབ་འཇལ་དགོས་པའི་ལམ་ལུགས་ཀྱི་ནང་དོན་གཙོ་བོ་ཁྱབ་གདལ་གཏོང་པ་དང་། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་སྤྱི་དམངས་ཀྱི་ཁུངས་སྣེ་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་ཐུབ་པར་བྱེད་དགོས། དུས་མཚུངས་སུ། སྤྱི་ཚོགས་ལས་རིགས་ཁག་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་ནང་ཞུགས་པར་སྐུལ་མ་བཏང་སྟེ། “དམངས་ཡོངས་ཁོར་ཡུག་སྲུང་སྐྱོབ་ནང་ཞུགས་པ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་”ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་གསར་པ་རིམ་བཞིན་ཆགས་པ་བྱེད་དགོས།