ཀོང་ཏུང་དང་ཞང་ཀང་ཨའོ་མོན་མཚོ་ཁུག་ཆེན་མོའི་མཉམ་འདྲེས་འཕེལ་རྒྱས་རྒྱལ་སྤྱིའི་མཚོ་ཁུག་རྩེ་གྲའི་ཕྱོགས་སུ་མགྱོགས་མྱུར་ངང་བསྐྱོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོར་རྒྱལ་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འཐབ་ཇུས་ཀྱི་འདེགས་གནས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣེ་ཁྲིད་ས་ཁུལ་བཅས་སུ་འགྱུར་དུ་འཇུག་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ།  ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོས་སྒོ་འབྱེད་ཀྱིས་བཅོས་བསྒྱུར་ལ་སྐུལ་འདེད་དང་། བཅོས་བསྒྱུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་སྒྲིག་སྲོལ་ལམ་སྲོལ། ཐོན་ལས་མཐུན་སྦྱོར་སོགས་ཁྱབ་ཁོངས་མང་པོའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། རྒྱལ་སྤྱིའི་མཚོ་ཁུག་རྩེ་གྲའི་ཕྱོགས་སུ་མགྱོགས་མྱུར་ངང་བསྐྱོད་དགོས།

ད་ལོ་ནས་བཟུང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་སྐད་ཅིག་ཙམ་ལ་ཡང་མཚམས་ཆད་མ་མྱོང་།

ལས་རྣམ་གསར་པར་བལྟས་ན། ཀོང་ཀྲོའུ་དང་ཀྲུའུ་ཧའེ་ས་གནས་གཉིས་ཀྱི་མི་མེད་གནམ་གྲུའི་ཟོང་འགྲུལ་གྱི་མཁའ་ལམ་ཉེ་ཆར་ཤར་གཏོང་བྱས་ལ། དེ་ནི་མཚོ་ཁུག་ཆེན་མོའི་བར་ཐག་རིང་བའི་མི་མེད་གནམ་གྲུའི་ཟོང་འགྲུལ་མཁའ་ལམ་ཐོག་མ་ཡིན་ཞིང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བར་གྱི་ས་ཁོངས་བརྒལ་བའི་མི་མེད་གནམ་གྲུའི་ཟོང་འགྲུལ་མཁའ་ལམ་ཡང་འཚོལ་ཞིབ་བྱེད་བཞིན་པའི་སྒང་ཡིན།

མཉམ་ལས་གསར་པར་བལྟས་ན། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་ཉེར་སྤྱོད་རྣམ་པའི་གསར་གཏོད་ལྟེ་གནས་ལ་དངོས་སུ་སྒོ་བྱང་བཀལ་བ་དང་། “ཞང་ཀང་དུ་ཞིབ་འཇུག་གསར་སྤེལ་དང་ཆན་ཧེ་རུ་དངོས་བཤེར།  མཚོ་ཁུག་ཏུ་ཁྱབ་གདལ”བྱེད་པའི་རྣམ་པར་དམིགས་ཏེ།  ལོ་རེར་ཉེར་སྤྱོད་རྣམ་པ100ལས་མི་ཉུང་བ་ཞིག་སྔོག་འདོན་བྱེད་རྩིས་ཡོད།

ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཡིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་སྟེ་བསྟན་དོན།  ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ས་ཁུལ་གསུམ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྒྲིག་སྲོལ་སྦྲེལ་མཐུད་དང་ལམ་སྲོལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་ཤིང་།  མི་སྣ་དང་དངོས་ཟོག་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ནུས་མཐོ་སྟབས་བདེའི་འཁོར་རྒྱུག་ལ་སྐུལ་འདེད་བཏང་ནས། ཁྲོམ་ར་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

ཀོང་ཏུང་ཞིང་ཆེན་གྱི་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ། ཀྲུའུ་ཝེ་ཡིས་བཤད་རྒྱུར།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ།  ས་ཁུལ་གསུམ་གྱི་སྒྲིག་སྲོལ་སྦྲེལ་མཐུད་དང་ལམ་སྲོལ་སྦྲེལ་མཐུད་བྱེད་དགོས་པ་མ་ཟད། ས་ཁུལ་གསུམ་གྱི་ཁྲོམ་ར་གཞི་གཅིག་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ལ། ཐོན་ལས་དང་ཚན་རྩལ་གཉིས་ཀ་ཇེ་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་།  གཙོ་གནད་ཁྱབ་ཁོངས་དང་གནད་འགག་གི་མཚམས་སུ་སྔོན་ལ་འཚོལ་ཞིབ་བྱས་ནས། གསར་སྐྲུན་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བཅོས་བསྒྱུར་སྔར་བས་མང་པོ་ལག་བསྟར་བྱེད་དགོས།

རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ལྔ་ཁྲི་དྲུག་སྟོང་ཡོད་པའི་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་རྒྱུན་སྡོད་མི་གྲངས་བྱེ་བ་བརྒྱད་ས་ཡ་དྲུག་ལས་བརྒལ།  ད་ལོའི་ཚུན་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་སྦྲེལ་མཐུད་འཛུགས་སྐྲུན་གྱིས་མི་སྣའི་འགྲོ་འོང་ལ་སྔར་བས་སྟབས་བདེ་བཟོས། 

 མཚོ་ཁུག་ཆེན་མོའི་རིམ་འདས་བཟོ་སྐྲུན་ཆེ་ཤོས་ཤིག་ཡིན་པའི་ཆ་ནས།  ད་ལྟ། ཧྲི་ཙི་རྒྱ་མཚོའི་བགྲོད་ལམ་དམ་འཛིན་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ལས་གཞི་དེ་ཀོང་ཀྲོའུ་ནན་ཧྲ་ས་ཁུལ་དང་ཏུང་ཀོན་ཧྲ་ཐེན། ཧུའུ་མོན་གྱི་གྲོང་རྡལ་གཉིས་ལ་སྦྲེལ་མཐུད་བྱས་ཡོད་ཅིང་། སྔོན་དཔག་བྱས་ན2028ལོར་རླངས་འཁོར་ཤར་གཏོང་བྱས་ནས། མཚོ་ཁུག་ཆེན་མོའི“ཆུ་ཚོད་གཅིག་རིང་གི་འཚོ་བའི་ཚོམསམགྱོགས་མྱུར་ངང་སྒྲིག་འཛུགས་བྱེད་ཐུབ་ངེས།  ཡིན་ཡང་ཧྲེན་ཀྲེན་གནམ་གྲུ་ཐང་གི་རྒྱུག་ལམ་གསུམ་པའི་བཟོ་སྐྲུན་མཇུག་བསྒྲིལ་བ་དང་།  པེ་ཡོན་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་བཟོ་སྐྲུན་ཇེ་མགྱོགས་སུ་བཏང་བར་བསྟུན་ནས། སྐྱེལ་འདྲེན་གནམ་གྲུ་ཐང7ཡོད་པའི་ཀོང་ཏུང་དང་ཞང་ཀང་། ཨའོ་མིན་མཚོ་ཁུག་ཆེན་མོའི་གནམ་གྲུ་ཐང་གི་ཚོགས་པ་དེ། སྔོན་དཔག་བྱས་ན2035ལོར་སླེབས་དུས། ལོ་རེའི་འགྲུལ་སྐྱེལ་ཚད་མི་ཐེངས་དུང་ཕྱུར་བཞི་དང་བྱེ་བ་གཉིས་ལ་སླེབས་རྒྱུ་རེད།

ཞང་ཀང་གི་གྲོང་མིས་བཤད་རྒྱུར། མཚོ་ཁུག་ཆེན་མོ་ནི་གྲོང་ཁྱེར་ཆེན་པོ་ཞིག་དང་འདྲ་བར། ཞང་ཀང་ལ་འགྲོ་ན་མྱུར་བགྲོད་ལྕགས་ལམ་ལ་བསྡད་ཚེ་སྐར་མ40ནང་ཐོན་ཐུབ་པས།  ས་ཆ་འདི་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་པའི་ཚོར་བ་སྟེར།

ད་ལོར།  ཀོང་ཏུང་གིས་རྒྱུན་ཆད་མེད་པར“མཚོ་ཁུག་ཤར་གཏོང”གི་བཟོ་སྐྲུན་དམ་འཛིན་བྱེད་ས་བྱས་ཏེ། མཚོ་ཁུག་ཆེན་མོའི་ཁྲོམ་ར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་།  “ཞང་ཀང་གི་རླངས་འཁོར་བྱང་དུ་བསྐྱོད་པ”དང་། “ཨའོ་མོན་གྱི་རླངས་འཁོར་བྱང་དུ་བསྐྱོད་པ”། “འཇོན་མི་མཆན་འགོད”སོགས་ཐོད་བརྒལ་རང་བཞིན་གྱི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས། ད་ལྟ། ཀོང་ཏུང་དུ་ལས་གཉེར་བྱེད་མཁན་གྱི་ཞང་ཀང་དང་ཨའོ་མོན་གྱི་ཆེད་ལས་མི་སྣ5500ལྷག་ཡོད་པ་དང་། “ཞང་ཀང་དང་ཨའོ་མོན་གྱི་སྨན་རྫས་འཕྲུལ་ཆས་ཤར་གཏོང”གིས་མཚོ་ཁུག་ཆེན་མོ་དང་དབུས་རྒྱུད་ཀྱི་གྲོང་ཁྱེར་དགུ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ནས། འགུལ་ཚད་མཐོ་བའི་སྲིད་དོན་ཞབས་ཞུའི་དོན་ཚན“མངའ་ཁོངས་བརྒལ་ནས་སྒྲུབ་ཐུབ་པར”བྱས། ད་ལྟའི་བར་དུ། རང་རྒྱལ་གྱིས“མཚོ་ཁུག་ཚད་གཞི”བསྒྲགས་པ་དང་། སྐོར་ཐེངས་གསར་པའི“མཚོ་ཁུག་ཚད་གཞི”སྡོམ་པས་ཁག་བརྒྱད་ཀྱང་མི་འགྱངས་པར་ལག་བསྟར་བྱེད་རྒྱུ་ཡིན་ལ། དེ་དག་ཐོན་ལས་དང་ཚོང་གཉེར། རིག་གནས་སོགས་དང་འབྲེལ་ཡོད།

ཀོང་ཏུང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཚད་ལྡན་ཅན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིའུ་ཡུང་ཀྲའོ་ཡིས་བཤད་རྒྱུར། ད་ལྟ། “མཚོ་ཁུག་གི་ཚད་གཞི”དེ་ཞང་ཀང་དང་ཀྲུའུ་ཧེ། ཨའོ་མོན་བཅས་ཀྱི་ཟམ་ཆེན་དང་། མངའ་ཁོངས་བརྒལ་བའི་རྒན་གསོ། ཀོང་ཏུང་གི་སྔོ་ཚལ་རིག་གནས་རྒྱུན་འཛིན་སོགས་ཀྱི་གནས་སུ་རྒྱ་ཁྱབ་ངང་སྤྱོད་བྱེད་བཞིན་ཡོད། རྗེས་མར། ང་ཚོས“མཚོ་ཁུག་གི་ཚད་གཞིའི”ཁྱབ་རྒྱ་སྔར་ལས་ཆེ་རུ་བཏང་སྟེ། མི་སྣ་དང་དངོས་ཟོག མ་དངུལ། ཆ་འཕྲིན་བཅས་ཀྱི་འཁོར་རྒྱུག་སོགས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་སྟབས་བདེ་དང་ནུས་ཚད་མཐོ་བའི་མངའ་ཁོངས་བརྒལ་བའི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་ངེས།

སྣ་སོ་སོའི་གཙོ་རྒྱུ་མགྱོགས་མྱུར་འཁོར་རྒྱུག་བྱས་ནས། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་མཐུན་སྦྱོར་རྒྱུན་ཆད་མེད་པར་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་། 

མི་རིང་བའི་སྔོན་ལ། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་རྒྱལ་སྤྱིའི་སྤྱི་ཁྱབ་པུའུ་ཡི་རྟེན་གཞི་ཧི་ཐའོ་ཚན་རྩལ་གསར་གཏོད་ལྟེ་གནས་སུ་དངོས་སུ་བཅའ་སྡོད་བྱས་ཤིང་། དེས་ཕན་ནུས་ཆེ་བའི་སྒོ་ནས་མཚོ་ཁུག་ཆེན་མོ་དང་རྒྱལ་སྤྱིའི་གསར་གཏོད་ཐོན་ཁུངས་སྡེབ་སྒྲིག་བྱ་ངེས་ལ། སྐོར་དང་པོར་ཡོངས་བསྒྲགས་བྱས་པའི་མདུན་གྲལ་རྣམ་གྲངས7པོ་དེ་ཀླད་པའི་ཚན་རིག་དང་། གནད་འཁེལ་སྨན་བཅོས་སོགས་གསར་དར་ཁྱབ་ཁོངས་སུ་ཁེབས་ཡོད། དུས་མཚུངས་སུ། ཀོང་ཧྲེན་ཀང་དང་ཀོང་ཀྲུའུ་ཨའོ་ཡི་ཚན་རྩལ་གསར་གཏོད་བར་ཁྱམས་གཉིས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ལ། མིག་སྔར་ས་ཁུལ་གསུམ་གྱིས་གནས་འདི་རུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང45བཀོད་སྒྲིག་བྱས་ཡོད་ལ། དེ་དག་མི་ཐབས་རིག་ནུས་དང་། ཚད་རྡུལ་འཕྲིན་གཏོང་སོགས་ཁྱབ་ཁོངས་མང་པོར་ཁེབས་ཡོད། ད་ལྟའི་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོ་རུ། ཆེད་ཁེའི་ནུས་པ་འཛམ་གླིང་གི་མཚོ་ཁུག་ཆེན་མོ་བཞིའི་ནང་གི་ཨང་དང་པོར་གནས། རྒྱལ་ཡོངས་ཀྱི་བཟོ་ལས་འཕྲུལ་མི3གྱི་ཁྲོད་དུ1ནི་ཀོང་ཏུང་ནས་ཐོན་པ་རེད། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། མཚོ་ཁུག་ཆེན་མོའི་ནང་ལོག་གྲོང་ཁྱེར9ཡི་ཕྱིར་གཏོང་ནང་འདྲེན་བྱས་ཚད་སྒོར་ཁྲག་ཆེན་ལྔ་ཁྲག་ཁྲིག་གཉིས་སུ་སླེབས་པ་དེས། རྒྱལ་ཡོངས་བསྡུར་ཚད་ཀྱི20%ལས་བརྒལ་ཡོད། “གློག་སྒུལ་རླངས་འཁོར་དང་ལི་གློག ཉི་གློག་བཅས་གསར་པ་གསུམ”དང་མི་མེད་གནམ་གྲུ་སོགས་ཕྱིར་གཏོང་གི་སྒུལ་ནུས་གསར་པ་འཕེལ་ཤུགས་ཆེ་རུ་ཕྱིན་ཏེ། སོ་སོར30.9%དང་། 32.1%འཕར། མ་འོངས་པར་ཁ་ཕྱོགས་པ་དང་གསར་པའི་ཕྱོགས་སུ་བསྐྱོད་དེ། རྒྱལ་སྤྱིའི་མཚོ་ཁུག་ཁུལ་རྩེ་གྲ་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་ཤིག་ལྷོ་རྒྱ་མཚོའི་འགྲམ་ངོགས་སུ་གསར་དུ་སྐྱེས་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།