2025ལོའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་སྟེང་མཚོ་སྔོན་གྱི་གན་རྒྱ་བཞག་པའི་དངུལ་གྲངས་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ལ་སླེབས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ9ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་སྐབས་སུ་མཚོ་སྔོན་གྱི་ཁྱབ་ཁོངས9ལ་གན་རྒྱ་བཞག་པའི་དངུལ་གྲངས་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ལ་སླེབས་ནས་མཚོ་སྔོན་གྱི་ཞབས་ཞུའི་ཉོ་ཚོང་གི་ཁྲོམ་རའི་བར་སྟོང་རྒྱ་སྐྱེད་གཏོང་བ་དང་། ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་། 

སྐབས་འདིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་ཁྲོད་ཞིང་ཆེན་ཚོང་དོན་ཐིན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་གཙོ་ཐིག་ལ་དམ་པོར་དམིགས་ཏེ། “མཚོ་སྔོན་གྱི་ཁྱིམ་སྟོན”དང་། འཛད་སྤྱོད་ཀྱི་རྣམ་པ་གསར་པ། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན། རྩིས་ནུས་ཞབས་ཞུ། མཚོ་སྔོན་གྱི་དངོས་པོ་བཟང་པོ་སོགས་ཁག་དབྱེ་ནས་འགྲེམས་སྟོན་ཁུལ་བཙུགས་པ་དང་། ཞབས་ཞུའི་ཉོ་ཚོང་དང་འབྲེལ་བ་ཡོད་པའི་ཁེ་ལས14དང་ལས་རིགས་མཐུན་ཚོགས2རྩ་འཛུགས་བྱས་ནས་འགྲེམས་ཚོགས་ནང་ཞུགས་པའི་ཚོགས་པ་བཙུགས་ཤིང་། “རི་མོ་དང་ཡི་གེའི་འགྲེམས་སྟོན་པང་ལེབ་ཐད་ཀར་མངོན་པ་དང་བརྙན་ལམ་ནས་གསོན་ཉམས་ལྡན་པའི་ངང་བརྗོད་པ། འགྲེམས་སྟོན་དངོས་རྫས་ཐག་ཉེ་ནས་འགྲེམས་སྟོན་བྱེད་པ། མཉམ་འགུལ་ཉམས་ལེན་གྱིས་ཞུགས་པའི་ཚོར་སྣང་ཆེ་རུ་གཏོང་བའི”ཕྱོགས་ཡོངས་འགྲེམ་སྟོན་རྣམ་པར་བརྟེན་ནས་མཚོ་སྔོན་གྱི་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྦས་ཤུགས་མངོན་པ་རེད།

དེ་དང་ཆབས་ཅིག བརྗེ་རེས་མཉམ་ལས་སྟེགས་བུ་ཧུར་ཐག་གིས་འཛུགས་པ་དང་། འགྲེམས་ཞུགས་ཁེ་ལས་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་གླེང་སྟེགས་སོགས་མ་ལག་ཚང་བའི་བྱེད་སྒོ་རབ་དང་རིམ་པར་ཞུགས་རྒྱུ་རྩ་འཛུགས་བྱས་ཏེ། ཁེ་ལས་ཀྱིས་མཉམ་ལས་ཐོན་ཁུངས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱ་རྒྱུར་རོགས་རམ་བྱས། གྲོས་མོལ་དང་འབྲེལ་མཐུད་ཧུར་ཐག་བྱས་པ་བརྒྱུད། ཡུལ་སྐོར་ཞབས་ཞུ་དང་། བོད་སྨན་དང་སྨན་རྫས་ཞབས་ཞུ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་ཚོང་། བཟའ་བཏུང་མཉམ་ལས་སོགས་ཁྱབ་ཁོངས9ཡི་རྣམ་གྲངས་མཉམ་ལས་གྲོས་མཐུན་བཞག་པ་དང་། གན་རྒྱ་བཞག་པའི་དངུལ་གྲངས་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ལ་སླེབས། གཞན་ཡང་ཐེངས་འདིའི་འགྲེམས་ཚོགས་ལ་ཞུགས་པ་བརྒྱུད། མཚོ་སྔོན་གྱིས་ད་དུང་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཁྲོད་ཀྱི་སྔོན་ཐོན་ཉམས་མྱོང་དང་གསར་གཏོད་བྱེད་སྟངས་སློབ་སྦྱོང་གང་ལེགས་དང་དཔྱད་གཞིར་འཛིན་བཟུང་སྟེ་རྗེས་ཕྱོགས་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་ཐབས་ལམ་ཇེ་ལེགས་སུ་གཏོང་རྒྱུར་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།