ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཙོ་སྒྲུབ་བྱས་པའི2025ལོའི་ཀྲུང་གོའི་རིག་གནས་ཡུལ་སྐོར་ཐོན་ལས་འགྲེམ་སྟོན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་མགོ་བརྩམས། མཚོ་སྔོན་འགྲེམ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་དང་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་བརྗོད་དོན་དུ་བྱས་ནས་ཝུའུ་ཧན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་མངོན་པར་བྱས།
མཚོ་སྔོན་འགྲེམ་ཁུལ་གྱིས་ཨ་སྔོན་དང་སྤྲིན་དཀར། དྭངས་གཙང་གི་ཆུ་བོ། སྔོ་ལྗང་གི་རི་བོའི་ཁ་དོག་གཙོ་ཐིག་བྱས་ནས་རྒྱན་སྤྲས་དང་བཞེངས་སྐྲུན་བྱས་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ180ཡོད་ལ། སྐྱེ་ཁམས་ཡུལ་སྐོར་དང་གསར་རྩོམ། མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག ཡུལ་སྐོར་ཐོན་རྫས་བཅས་ཕྱོགས་བཞི་རུ་བགར་ནས་མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་དང་རིག་གནས་རྒྱུན་འཛིན་དང་གསར་གཏོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་སུ་ཕྱིན་པའི་གྲུབ་འབྲས་མངོན་པར་བྱས་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པའི་ཆོད་སེམས་བརྟན་པོ་དང་རྣམ་པ་གསར་བ་ཕྱོགས་ཡོངས་ནས་མཚོན་པར་བྱས།
ཐེངས་འདིའི་འགྲེམ་སྟོན་སྟེང་མཚོ་སྔོན་འགྲེམ་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་དང་དམ་དུ་སྦྲེལ་ནས་སྐྱེ་ཁམས་དང་རིག་གནས་ཀྱི་མ་རྐང་ཆེན་པོ་གཉིས་འབུར་དུ་ཐོན་པར་བྱས་ནས་འབྲི་ཆུའི་རིག་གནས་དང་ཁུ་ནུའི་རིག་གནས། རྨ་ཙོང་རིག་གནས་སོགས་མཚོ་སྔོན་གྱི་འཐུས་ཚབ་རང་བཞིན་ལྡན་པའི་རིག་གནས་ཀྱི་མ་ལག་དེ་རྣམ་པ་གསར་བར་བརྟེན་ནས་མཚོན་པར་བྱས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་པ་དང་མི་ཆོས་རིག་གནས་ཀྱི་སྙན་པ། གསར་གཏོད་ཀྱི་སྙིང་བོ་མ་བོར་བའི་རིག་གནས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་གཅིག་བསྡུས་སྒོས་མངོན་པར་བྱས། སྐྱེ་ཁམས་ཡུལ་སྐོར་དུམ་ཚན་གྱིས་གཙོ་བོར་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ངོ་སྤྲོད་བྱས་ཡོད་ལ། མཚོ་སྔོན་གྱིས་ཤུགས་ཆེན་པོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པའི་གྲུབ་འབྲས་མངོན་པར་བྱས། གསར་རྩོམ་དུམ་ཚན་གྱིས་མཚོ་སྔོན་གྱི་ཁྱད་ཆོས་དང་གསར་རྩོམ་གྱི་མཚོན་སྟངས་གསར་བ། ཚོང་རའི་དགོས་མཁོ་དང་འཚམ་པའི་རིག་གནས་གསར་རྩོམ་གྱི་ཐོན་རྫས་འགྲེམ་སྟོན་བྱས་ཡོད། གཟུགས་འདས་ཤུལ་བཞག་དུམ་ཚན་གྱིས་ཐང་ག་དང་གཙགས་དྲུབ། བོད་སྤོས་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་དེང་རབས་ཀྱི་ཇུས་འགོད་མཉམ་འདྲེས་ཀྱི་ཕུལ་དུ་བྱུང་བའི་གྲུབ་འབྲས་འགྲེམ་སྟོན་བྱས་ཡོད་ལ། ཡུལ་སྐོར་ཐོན་རྫས་དུམ་ཚན་གྱིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་དང་མཐོ་སྒང་གི་ཁམས་གསོའི་ཐོན་རྫས། མི་རིགས་ཀྱི་ལག་ཤེས་བརྩམས་ཆོས་སོགས་གཅིག་ཏུ་བསྡུས་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་རྣམ་པ་སྣ་མང་དང་སྤུས་ཚད་མངོན་པར་བྱས།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཐེངས་འདིའི་འགྲེམ་སྟོན་སྟེགས་བུ་བརྒྱུད་ནས་མཐོ་སྒང་གི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྣམ་པ་མངོན་པར་བྱས་ཏེ། རི་ཆུའི་མགོ་ཁུངས་ཀྱི་རབ་མཛེས་མཚོ་སྔོན་གྱི་ཤུགས་རྐྱེན་རྒྱ་ཆེ་བསྐྱེད་པ་དང་། རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཚོང་ར་དང་བརྗེ་རེས་མཉམ་ལས་གཏིང་ཟབ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་འབེན་ས་ཆ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་།