མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། “བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་སྐུལ་སྤེལ་ཚོགས་འདུ་འཚོགས་རྗེས། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་རེའི་ཞིང་ཆེན་གྱིས་སྐུལ་སྤེལ་ཚོགས་འདུའི་སྟེང་ཁ་གསལ་སྒོས་བསྟན་ཡོད་པའི།“ཚན་རིག་དང་མཐུན་པའི་གནད་ཁེལ་འཆར་འགོད་དང་ས་ཁོངས་གལ་ཆེན་གྱི་མཁྲེགས་གཏོར། མ་ལག་བཅོས་སྐྱོང་གི་ཐབས་ཇུས། རྣམ་པ་སྣ་མང་ཅན་གསར་གཏོད། སྤུས་ཚད་བདེ་འཇགས་ལ་ཚོད་འཛིན་བྱེད་པ”སོགས་ཀྱི་བླང་བྱ་ལ་དམིགས་ནས། རྒྱལ་ཁབ་ཐོབ་ངེས་ཅན་ཡིན་པའི་རྣམ་འགྱུར་བཅངས་ཏེ།“བྱང་གསུམ”བཟོ་སྐྲུན་སྐབས་དྲུག་པའི་འཛུགས་སྐྲུན་ཟབ་སྤེལ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས། བྱེད་ཐབས་ཆེན་པོ་ལྔར་བརྟེན་ནས་ལོ་ཧྲིལ་བོའི་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས།
རང་རེའི་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པའི་འཆར་འགོད་སྦྲེལ་མཐུད་དམ་འཛིན་བྱེད་པ་ནས་མགོ་བརྩམས་ཏེ་བཟོ་སྐྲུན་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་བཏང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུས《བྱང་གསུམ་བཟོ་སྐྲུན་སྤྱིའི་འཆར་འགོད》ལ་གྲོས་ཞིབ་གྲོས་འཆམ་བྱུང་རྗེས། རང་རེའི་ཞིང་ཆེན་གྱིས“རྒྱལ་ཁབ་དང་ས་གནས་དང་། ཡུན་རིང་དང་དུས་ཐུང་། ཞིང་ཆེན་ཡོངས་དང་གྲོང་ཁྱེར་དང་ཁུལ་བཅས་ཀྱི་འཆར་འགོད་གསུམ་གྱི་འབྲེལ་མཐུད་བླང་བྱ་གཞིར་བཟུང་ནས། ཙོང་ཆུའི་འབབ་རྒྱུད་ཀྱི་ཀན་ཧྲུའུ་དང་མཚོ་སྔོན་གྱི་མཉམ་འབྲེལ་སྔོན་འགོག་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་བྱེ་འགོག་བྱེ་བཅོས། རྨ་ཆུའི་ཆུ་ལག་གཙོ་བོ་བཅོས་སྐྱོང་སོགས་ལས་གཞི་གལ་ཆེན་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ། ཉི་འོད་ནུས་པའི་བྱེ་བཅོས་དང་ས་རྡུལ་བྱེ་བརྟན། ས་སེར་དང་བྱེ་རྡུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ད་ཡོད་ཀྱི་དཔེ་མཚོན་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་ཚན་པ་དབྱེ་འབྱེད་དང་རིགས་དགར་ནས་ཐབས་ཇུས་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་ནས། སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ལས་སྤེལ། དམངས་ཕན་ བཅས་ཀྱི“བྱང་གསུམ”ལས་གཞི་ཁག་གཅིག་འཆར་འགོད་བཀོད་སྒྲིག་བྱས་ཏེ། འདྲ་བཟོ་དང་ཁྱབ་སྤེལ་བྱས་ཆོག་པའི“བྱང་གསུམ”བཟོ་སྐྲུན་དཔེ་སྟོན་དཔེ་མཚོན་ཁག་གཅིག་སྐྲུན་རྒྱུ་རེད།
ཚན་རྩལ་གྱི་འདེགས་སྐྱོར་དང་སྣེ་ཁྲིད་དམ་འཛིན་བྱས་ནས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། ཞིང་ཆེན་ཚན་རྩལ་ཐིན་སོགས་སྡེ་ཁག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་ཁང་གི་དགེ་མཚན་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཐན་པ་བཟོད་ཐུབ་པའི་སོན་འབྲུ་གསོ་སྐྱོང་དང་བྱེ་འགྱུར་ས་ཞིང་སླར་གསོ། རིག་ནུས་ནགས་ཚལ་དང་རྩྭ་སའི་ལྟ་ཞིབ་ཚད་ལེན་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ཏེ་མཉམ་འབྲེལ་སྒོས་མཁྲེགས་གཏོར་བྱས་ནས། མི་མེད་གནམ་གྲུའི་འཕུར་འདེབས་དང་སྐྱེ་དངོས་ཀྱི་རྩད་པ་ཇེ་བཀན་དུ་གཏོང་སོགས་སྔོན་ཐོན་ལག་རྩལ་ཁྱབ་སྤེལ་བེད་སྤྱོད་ཁྱབ་གདལ་བཏང་སྟེ། ཚན་རྩལ་ལ་བརྟེན་ནས་བྱེ་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ། བྱེ་བཅོས་སྐོར་གྱི་ལག་རྩལ་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཐན་པ་དང་གྲང་ངར། བ་ཚྭ་བཅས་བཟོད་ཐུབ་པའི་སྤུས་ལེགས་ཤིང་རིགས་དང་རྩྭ་རིགས་འདེམས་གསོ་བྱེད་པའི་དཀའ་གནད་ལས་རིམ་པར་བརྒལ་གང་ཐུབ་བྱས་ཏེ། བྱེ་འགོག་བྱེ་བཅོས་ཀྱི་འགག་རྩའི་ལག་རྩལ་རྒྱུན་ཆད་མེད་པར་སེལ་དགོས། རིག་ནུས་དང་འཕྲུལ་ཆས་ཅན་གྱི་བཀོལ་སྤྱོད་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། འཕྲུལ་ཆས་ཅན་གྱི་རྩྭ་གྲུ་བཞི་འདིང་རྒྱུ་དང་། སྡོང་ཕྲན་སྙོམས་སྒྲིག་འཕྲུལ་ཆས། མི་མེད་གནམ་གྲུའི་འཕུར་འདེབས་སོགས་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་བྱས་ཏེ། བྱེ་འགོག་བྱེ་བཅོས་ཀྱི་ལས་སྒྲུབ་ལས་ཆོད་ཆེ་རུ་གཏོང་རྒྱུ་རེད།