མཚོ་སྔོན་གྱིས་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས20ཞིབ་ཕྲ་བཟོས་ནས་གཞོན་ནུའི་ལས་ཞུགས་ལས་སྐྲུན་ལ་རོགས་རམ་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ9པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོའི་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ཞབས་ཞུའི་མཁྲེགས་གཏོར་བྱ་སྤྱོད་ཁྲོད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ།《མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་སྐྲུན་ལས་དོན་ཡག་པོ་གཉེར་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། སྲིད་ཇུས་དང་སྦྲེལ་མཐུད་ཡག་པོ་བྱས་ཏེ། ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་དང་ལས་ཞུགས་ནུས་པ་ཆེ་རུ་གཏོང་བ། ལས་ཞུགས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཁོར་ཡུག་བཟང་པོ་སྐྲུན་པ་བཅས་ཕྱོགས་བཞིའི་ཐད་ནས་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས20ཞིབ་ཕྲ་བཟོས་ནས་དངོས་སུ་བཏོན།

ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐེངས་གཅིག་རྣམ་པའི་ལས་གནས་ཀྱི་རྒྱ་བསྐྱེད་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་ཁ་གསབ་སོགས་རྒྱབ་སྐྱོར་སྲིད་ཇུས་ཕྱོགས་བསྡུས་སྒོས་བེད་སྤྱོད་བྱས་ཏེ།“ཐད་ཀར་ཁ་གསབ་བྱེད་པའི་ལས་སྒོ་མགྱོགས་ངང་གཉེར་བ”ཁྱབ་སྤེལ་བཏང་ནས། ཁེ་ལས་ཀྱིས་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ལས་ཞུགས་བསྡུ་ལེན་བྱེད་པར་སྐུལ་མ་གཏོང་དགོས། དུས་མཚུངས་སུ། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མར་སྟབས་བསྟུན་ལས་ཞུགས་བྱ་རྒྱུར་གཏན་འབེབས་ལྟར་ལོ2ལས་མི་བརྒལ་བ་དང་བརྒྱ་ཆའི70ལས་མི་བརྒལ་བའི་སྤྱི་ཚོགས་འགན་སྲུང་ཁ་གསབ་དོན་འཁྱོལ་བྱེད་དགོས་པ་ཁ་གསལ་བཟོས་ཡོད།

ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད། ལས་སྐྲུན་གྱི་དགོས་མཁོ་ཡོད་པའི་མཐར་ཕྱིན་སློབ་མས་གཏན་འབེབས་ལྟར་ལས་སྐྲུན་ཁག་ཐེག་དངུལ་བུན་སྒོར་འབུམ་གསུམ་ལས་མི་བརྒལ་བའི་རེ་ཞུ་བྱས་ཆོག་པ་དང་། རྒྱུན་ལྡན་འཁོར་སྐྱོད་ལོ་གཅིག་ཡན་བྱས་ཚེ་ཐེངས་གཅིག་གི་ལས་སྐྲུན་ཁ་གསབ་སྒོར་ཁྲི1སྤྲོད་རྒྱུ།  དུས་མཚུངས་སུ། ལས་སྐྲུན་ཞབས་ཞུའི་མ་ལག་ཇེ་ལེགས་སུ་བཏང་ནས་ལས་སྐྲུན་བྱེད་འདོད་ཆེ་བའི་མཐར་ཕྱིན་སློབ་མར་ལས་སྐྲུན་བྱེད་ཡུལ་རྒྱབ་སྐྱོར་དང་ལས་སྐྲུན་གསོ་སྦྱོང་། ལས་སྐྲུན་མཛུབ་སྟོན། སྲིད་ཇུས་བློ་འདྲི། མ་དངུལ་བསྡུ་སྒྲིལ་དང་དངུལ་བུན་གཏོང་བ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། ལག་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་ལྡབ་འགྱུར་གྱིས་འཕར་བར་བྱེད་དགོས་པ་ཁ་གསལ་བཟོས་ཡོད།

ནུས་པ་མཐོར་འདེགས་གཏོང་བའི་ཐད། མཐར་ཕྱིན་སློབ་མ་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ལྟ་སྦྱོང་ནང་ཞུགས་རྒྱུར་རྩ་འཛུགས་གང་ལེགས་བྱེད་དགོས་པར་མ་ཟད། གཏན་འབེབས་ལྟར་གསོ་སྦྱོང་ཁ་གསབ་དང་ལྟ་སྦྱོང་ཁ་གསབ་སྤྲོད་དགོས། མཐར་ཕྱིན་མ་ཐག་པའི་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ལས་རིགས་རྩལ་ནུས་རིམ་པའི་ངོས་འཛིན་དཔྱད་ཞིབ་ནང་ཞུགས་ནས་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་རྒྱུར་སྐུལ་མ་གཏོང་དགོས། ལས་རིགས་རྩལ་ནུས་འགྲན་བསྡུར་ཁྲོད་གྲུབ་འབྲས་ཕུལ་བྱུང་ཅན་ཐོབ་པའི་མཐར་ཕྱིན་སློབ་མ་རྣམས་གཏན་འབེབས་ལྟར་དེ་མཚུངས་ཀྱི་ལས་རིགས་རྩལ་ནུས་རིམ་པ་སྤོར་དགོས་པ་ཁ་གསལ་བཟོས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།