ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་གིས་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྩལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་གིས་བྱ་བ་གཙོ་བོར་དམིགས་ཏེ་ཏན་ཏན་ཏིག་ཏིག་སྒོས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་འཇགས་རང་བཞིན་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པར་བསྟན།

ད་ལོའི་ཚུན་ལ། ས་གནས་སོ་སོའི་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་གིས་གསར་གཏོད་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་བ་དང་། བྱ་བ་ཞིབ་ལས་དང་ལེགས་སྤེལ་ཞན་གསབ་བྱས་ཏེ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་གི་སྟོབས་ཤུགས་གལ་ཆེན་དུ་གྱུར། འདི་ནི་མཐུག་ཚད་ལ་ཧའོ་སྨི0.1ལས་མེད་པའི་ཤེལ་ལེབ་ཞིག་ཡིན།  སའི་གོ་ལ་དང་བར་ཐག་སྤྱི་ལེ400ཙམ་ཡོད་པའི་ཀྲུང་གོའི་བར་སྣང་ས་ཚིགས་སུ་འདི་ལྟ་བུའི་ཤེལ་ལེབ་འབུམ་བཞི་ཡིས་བར་སྣང་ས་ཚིགས་ཀྱི་ལྗིད་ཚད་སྤྱི་རྒྱ12ཡིས་ཇེ་ཡང་དུ་བཏང་ཡོད།   འདི་ནིC919གནམ་གྲུ་ཆེན་པོ་ཞིག་ཡིན་ལ། བཀོལ་ཡུན་བསྲིངས་པ་ནས་སྒུལ་བྱེད་འཕྲུལ་འཁོར་གྱི་ལྷུ་ལག་གལ་ཆེན་ཚང་མར་ཐོལ་བརྒལ་ཆེན་པོ་བྱུང་ཡོད།   རྒྱལ་ཁབ་ཀྱི་མཆོག་ནོར་འདི་དག་སྟེང་གི་གནད་འགག་གི་ལྷུ་ཚིགས་ཚང་མ་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་གིས་ཐོན་སྐྱེད་བྱས་པ་ཡིན་ལ།  དེ་དག་གིས་ཐོན་ལས་སྦྲེལ་ཐག་ཁྲོད་དུ་གནད་འཁེལ་གྱིས་སྟོང་ཆ་གསབ་ཡོད།

རང་རྒྱལ་གྱི་དཔལ་འབྱོར་ཁྱབ་ཁོངས་ལ་བལྟས་ཚེ།  ཁེ་ལས་ཆུང་འབྲིང་བྱེ་བ་དྲུག་ལྷག་ལས་རིགས་བརྒྱ་སྟོང་ཁྲོད་ཁྱབ་ནས། བརྒྱ་ཆའི་དྲུག་བཅུའི་ཡན་གྱི་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་དང་།  བརྒྱ་ཆའི་བདུན་ཅུའི་ཡན་གྱི་ལག་རྩལ་གསར་གཏོད།  བརྒྱ་ཆའི་བརྒྱད་ཅུ་ཡན་གྱི་མཁར་གྲོང་ངལ་རྩོལ་ལས་ཞུགས་བཅས་ལ་བྱས་རྗེས་བཞག་ཡོད།  ཁེ་ལས་ཆུང་འབྲིང་དག་ལ་སྔར་ལས་ཆེ་བའི་བྱེད་ནུས་ཇི་ལྟར་འདོན་དུ་འཇུག་དགོས་སམ་ཞེ་ན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་ཁག་ཏུ་རྟོག་ཞིབ་གནང་སྐབས།  ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་དུ་ཐེངས་མང་ཕེབས་ནས་ཁེ་ལས་ཀྱི་རང་བརྟེན་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་།ནང་ནུས་ཡག་པོ་སྦྱོང་རྒྱུའི་བཀོད་སྒྲིག་གནང་བ་རེད།  ཁོང་གིས་ཁྲོམ་རའི་དགོས་མཁོ་དམ་འཛིན་བྱས་ནས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དགོས་པ་དང་།  ཁྱབ་ཁོངས་སོ་སོར་ཁེ་ལས་རྩེ་གྲ་སྐྱེད་སྲིང་བྱས་ཏེ“མངོན་མེད་ཨང་དང་པོ”མང་པོ་གཏོད་དགོས་ཞེས་བསྟན་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། ཐོན་དབང་སྲུང་སྐྱོང་ལ་ཤུགས་བསྣན་ནས་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་སྔར་ལས་མང་བ་ཐོན་རྒྱུར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཁེ་ལས་ཆུང་འབྲིང་ཅུའུ་ཡི་ཅུའུ་ཀྲང་།  ལེའང་ཀྲི་ཧྥིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།  ཉེ་བའི་ལོ་ཤས་རིང་། ང་ཚོས་སྤུས་ལེགས་ཁེ་ལས་སྐྱེད་སྲིང་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གནད་འཁེལ་གྱི་ཞབས་ཞུར་བསྟུད་མར་ཤུགས་བརྒྱབ།  ད་ལྟ་སྐོར་ཐེངས་བདུན་པའི་ཆེད་ཞིབ་ཁྱད་གསར་གྱི"གྱད་མི་ཆུང”བའི་ཁེ་ལས་སྐྱེད་སྲིང་བྱ་བ་སྤེལ་བཞིན་ཡོད། ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་འདི་དག་གིས་དངུལ་གཏོང་ཞིབ་དབྱེ་ཁྱབ་ཁོངས་དང“ལག་རྩལ་ཁྱད་པར་ཅན”ཁོང་དུ་ཆུད་དེ། ལེགས་སྤེལ་ཞན་གསབ་ཁྲོད་དུ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འགྲན་རྩོད་ནུས་ཤུགས་བསྐྲུན་ཡོད།   གསར་གཏོད་ནི་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་གསར་བའི་ཚེ་སྲོག་ཡིན། ད་ལོར་གསར་གཏོད་ལ་དམིགས་ཏེ་རྒྱལ་ཁབ་ཀྱི་ངོས་ནས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་བར་སྐུལ་སློང་བྱས་པ་དང་། ལས་སྟེགས་ཞབས་ཞུ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་། དེ་དང་ཆབས་ཅིག  ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་གིས་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ད་ལྟ་འབྲེལ་ཡོད་ཁེ་ལས2000ལྷག་གིས་རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གལ་ཆེན་གྱི་འགན་འཁུར་མྱོང་ཡོད།

དངུལ་བསྡུའི་དཀའ་གནད་ལ་དམིགས་ཏེ། ད་ལོའི་ཚུན་དུ།  རྒྱལ་ཁབ་ཀྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཐེབས་རྩའི་རྐང་དངུལ་གཏོང་ཚད་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཉིས་དུང་ཕྱུར་གཅིག་བྱེ་བ་དགུ་ས་ཡ་དྲུག་ཇེ་མང་དུ་བཏང་བ་དང་། ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་དང་། ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་། པེ་ཅིན་དངུལ་འཛིན་ཉོ་ཚོང་ཁང་བཅས་ཀྱིས་ཆེད་ཞིབ་ཁྱད་གསར་གྱི་སྟོན་གྲངས་བསྒྲགས་ཏེ།  མ་རྩའི་ཚོང་རས་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ལ་ཞབས་ཞུ་བྱེད་པའི་ཁྱབ་རྒྱ་དང་ཟབ་ཚད་རྒྱ་སྐྱེད་བཏང་།

སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག ད་ལྟའི་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་གིས་རྒྱུན་མཐུད་ངང་ཐོན་ལས་སྦྲེལ་ཐག་ཏུ་བྱ་བ་སྒྲུབ་ནས་ཆེད་ལས་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ཧུའུ་པེ་ཧོང་ཀང་གི་ཁེ་ལས་འདིས་ལོ་མང་པོར་ཕྱིར་ཚོང་ཡོང་འབབ་ཀྱི15%ཞིབ་འཇུག་གསར་སྤེལ་ཐད་བཏང་ནས། འགྲོས་འཕྲི་འཕྲུལ་ཆས་ཀྱི་ཁྲོམ་རའི་ཟིན་ཚད80%ལས་བརྒལ།  ཁྲུང་ཆིང་པ་ནན་གྱི་ཁེ་ལས་འདིས་འཕྲིན་གཏོང་རྟེན་གཞིའི་ས་ཚིགས་ཀྱི་ཞིབ་ཚགས་གྲུབ་ཆའི་ཐོན་རྫས་ལ་མ་དངུལ་བཏང་ནས་ལོ་ཉི་ཤུ་ལྷག་འགོར་ཡོད།

ཁྲུང་ཆིང་མེ་ལིས་ཞིན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་ལག་རྩལ་འགན་ཁུར་བ་ཞུས་ཁྲིན་གྱིས་བཤད་རྒྱུར།  ང་ཚོས་ཐོན་རྫས་ཀྱི་ཞིབ་ཚད་དང་ཚ་སེལ་རང་བཞིན། ཡང་ཚད་བཅས་ལས་རིགས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། “ཞེང་ལ་སྨི་གཅིག”གི་ཁྲོམ་རར“གཏིང་ལ་སྨི་བརྒྱ”ཡོད་པར་བྱས། མིག་སྔར་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཟིན་ཚད་ཨང་དང་པོར་སླེབས་ཡོད་ཟེར།

གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་ཆེད་ཞིབ་ཁྱད་གསར་གྱི“གྱད་མི་ཆུང་བའི”ཁེ་ལས་ཀྱིས་ལོ་སྔོན་མའི་ཆ་སྙོམས་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་སྒོར་བྱེ་བ་གསུམ་ལྷག་བཏང་ལ། བརྒྱ་ཆའི་དྲུག་བཅུ་བཟོ་ལས་ཀྱི་རྨང་གཞིའི་ཁྱབ་ཁོངས་སུ་གནས་ཡོད་པ་དང་། བརྒྱ་ཆའི་བདུན་ཅུ་ལས་རིགས་ལ་ཞུགས་ནས་ལོ10ཡན་ཟིནཡོད་ལ། བརྒྱ་ཆའི་བརྒྱད་ཅུ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྦྲེལ་ཐག་ནང་ཚུད་ཡོད།

ཆེད་ལས་ཅན་དང་ཞིབ་ཚགས་ཅན་ལ་འབད་པའི་དུས་མཚུངས་སུ། ཁྱད་ལྡན་ཅན་དང་དཔེ་གསར་ཅན་ལ་ཡང་མངོན་པར་ཕྱོགས་ཡོད་ལ། སྔར་ལས་སྤུས་ལེགས་ཀྱི་ཐོན་རྫས་མང་པོ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།   བསྒར་སྣེ་དང་གློག་སྐུད་མེད་པ། ཐ་ན་བར་སྣང་དུ་དཔྱངས་ནས། གློག་ཆས་ཀྱིས་སྔར་བཞིན་ལས་ཀ་བྱེད་ཐུབ། འདི་ལྟར་འབྱུང་འགྱུར་གྱི་ཚོར་སྣང་ཧ་ཅང་ཟབ་པའི་རྣམ་པ་ནི། ཁེ་ལས་དེས་ཞིབ་འཇུག་གསར་སྤེལ་བྱས་པའི“ཁབ་ལེན་སྐུད་མེད་གློག་འདོན”ལག་རྩལ་ལས་བྱུང་བ་ཡིན་པས། གློག་ནུས་དེ་སྐུད་མེད་དྲ་རྒྱའི་བརྡ་རྟགས་དང་གཅིག་མཚུངས་ཡིན་ལ། མཁའ་དབུགས་རང་དབང་བརྒྱུད་སྐྱེལ་བྱེད་པར་བརྟེན་ནས། དྲོད་ཚད25℃ཡི་རྒྱུན་དྲོད་ཁོར་ཡུག་དང་ཆུ་ཚོད4ཙམ་ལས་མི་དགོས་པར། སོག་མ་སྤྱི་རྒྱ600ལས་སྤུས་ཚད་མཐོ་བའི་རྡོ་སྣག་སིན་སྤྱི་རྒྱ100ཙམ་ཐོན་ཐུབ། ཧང་ཀྲོའུ་ཡི་ཁེ་ལས་འདིས་སོག་མའི་ཟུར་སྣོན་རིན་ཐང་ལྡབ1000གིས་འཕར་བར་བྱས་ཡོད། གསར་གཏོད་ཐོན་རྫས་དང་ལག་རྩལ་སྔར་ལས་མང་པོས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།

དེང་སྐབས། རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཆེད་ཞིབ་ཁྱད་གསར་གྱི“གྱད་མི་ཆུང་བའི”ཁེ་ལས་ཆུང་འབྲིང་ཆིག་ཁྲི་བཞི་སྟོང་དྲུག་བརྒྱ་སྐྱེད་སྲིང་བྱས་པ་དང་། དེའི་ནང་ཁེ་ལས5000ཙམ་ནི་མི་ཐབས་རིག་ནུས་དང་། སྐྱེ་དངོས་བཟོ་སྐྲུན་སོགས་འབྱུང་འགྱུར་ཐོན་ལས་ལས་བྱུང་། ཟླ་དང་པོ་ནས་བདུན་པའི་བར།  གཞི་ཁྱོན་ཡན་གྱི་བཟོ་ལས་ཆེད་ཞིབ་ཁྱད་གསར་གྱི“གྱད་མི་ཆུང་བའི”ཁེ་ལས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས8.7%འཕར་བ་དང་། འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ལས་བརྒྱ་ཆའི་གྲངས་གནས2.4ཡིས་མཐོ།

གོ་རིམ་རྗེས་མར། རྒྱལ་ཁབ་རིམ་པའི་ངོས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་། མ་དངུལ་བསྡུ་སྒྲིལ་ཞབས་ཞུ་སོགས་ལེ་ལག་ཚང་བའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། ཁེ་ལས་ཆུང་འབྲིང་སྔར་ལས་མང་པོ་ཞིབ་ཕྲའི་ཁྱབ་ཁོངས་སུ་རྩེར་སོན་དང་། རྩེ་གྲ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ཆེད་ཞིབ་ཁྱད་གསར་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི“སྟོབས་ཤུགས་གསར་པ”དང“སྒུལ་ཤུགས་སྟོབས་ལྡན”དུ་འགྱུར་བར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།