ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་སོང་ནས། ཀྲུང་གོའི་ཀོང་ཧི་ཉིང་ནུས་གསར་པའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟི་དང་། རོན་ཐུང་སྒུལ་ཤུགས་ཆ་འཕྲིན་ལག་རྩལ་མ་རྐང་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱས་ནས། ཁེ་ལས་ཀྱི་འགན་འཁུར་བར་གྲོས་བསྡུར་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། འབྲེལ་གཏུག་དང་འབྲེལ་མཐུད་སྔར་ལས་གཏིང་ཟབ་ཏུ་བཏང་ནས། སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་ལས་རྒྱ་བསྐྱེད།
ལུའོ་ཏུང་ཁྲོན་གྱིས་ཀྲུང་གོའི་ཀོང་ཧི་ཉིང་ནུས་གསར་པའི་ཀུང་ཟི་རུ། བློ་རིག་གཅིག་བསྡུས་ཚོད་འཛིན་ལྟེ་གནས་བརྒྱུད་དེ། ནུས་ཁུངས་གསར་པའི་གཙོ་གནད་ལས་གཞི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ལས་སྒོའི་བཀོད་སྒྲིག་དང་ཐོན་ལས་འཆར་འགོད། མཚོ་སྔོན་དུ་འཕེལ་རྒྱས་གཏོང་བཞིན་པའི་གནས་ཚུལ་ངོ་སྤྲོད་བཅས་ལ་ཉན། ཁོས་འོད་ནུས་དང་ཚ་ནུས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ཆེན་གྱི་གློག་ཤུགས་གྲུབ་ཆ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་པའི་ཐད་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན། ཁེ་ལས་ཀྱིས་ཐོན་ལས་ཕྲེང་འབྲེལ་རིང་མོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ལས་ཕྲེང་འབྲེལ་ཁ་གསབ་དང་ཕྲེང་འབྲེལ་རྒྱ་སྐྱེད་བཏང་ནས་ཕྲེང་འབྲེལ་རྣམ་པ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། གོང་འོག་ཁེ་ལས་དང་ཐོན་ལས་སྐྱེ་ཁམས་མཉམ་ལས་གྲོགས་པོ་སྔར་ལས་གང་མང་བསྡུ་རུབ་བྱས་ནས། མཚོ་སྔོན་ལ་འགྲན་རྩོད་ནུས་པ་ལྡན་པའི་ཐོན་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་སྟེགས་བུ་སྐྲུན་རྒྱུར་རོགས་རམ་བྱེད་པ་དང་། དཔེ་སྟོན་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་ལས་གཞི་གལ་ཆེན་མགྱོགས་མྱུར་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་སྐྲུན་རྒྱུར་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་འདོན་དགོས་ཞེས་བསྟན། ཀྲུང་གོའི་ཀོང་ཧི་ཉིང་ནུས་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཀའོ་ལིས་ཀང་གིས་བློ་བརྟན་འགྱུར་མེད་ངང་མཚོ་སྔོན་གྱི་འོད་ནུས་དང་ཚ་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཉེར་སྤྱོད་རྣམ་པ་འཛུགས་སྐྲུན་རྒྱ་སྐྱེད་གཏོང་བ། མཚོ་སྔོན་ལ་ཐོན་ལས་ཁྱུ་ཚོགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ། འོད་ནུས་དང་ཚ་ནུས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཟེར།
ལུའོ་ཏུང་ཁྲོན་རོན་ཐུང་སྒུལ་ཤུགས་ཀུང་ཟིའི་གཞི་གྲངས་གསར་གཏོད་ཉམས་ལེན་ལྟེ་གནས་སུ་བསྐྱོད་དེ། མིས་བཟོས་རིག་ནུས་དང་སྤྲིན་རྩིས། གཞི་གྲངས་ཆེན་མོ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱི་གཞི་གྲངས་ལག་རྩལ་གྲུབ་འབྲས་དང་ལས་རིགས་ལག་ལེན་ལ་རྒྱུས་ལོན་ཞིབ་མོ་བྱས་ནས། ཁེ་ལས་ཀྱི་འཐབ་ཇུས་འཆར་འགོད་དང་ལས་སྒོའི་བཀོད་སྒྲིག གསར་གཏོད་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཉན། ཁོས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དུས་རབས་ཀྱི་གོ་སྐབས་མདུན་དུ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད། དངོས་ཕུང་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་རྒྱུ་དང་། སྔོན་ཐོན་གྱི་ཐོན་སྐྱེད་རྒྱུ་རྐྱེན་སྣ་ཚོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཕྱོགས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉི་གས་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས། མིས་བཟོས་རིག་ནུས་ཀྱི་སྐྱེ་ཁམས་ནང་འདྲེན། གཞི་གྲངས་སྲིད་གཞུང་གི་འཛུགས་སྐྲུན། འཇོན་མི་མཉམ་འབྲེལ་གསོ་སྐྱོང་སོགས་ཐད་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བཏང་ནས། ལེགས་ཆ་གསབ་རེས་དང་ཕན་ཚུན་ནུས་པ་འདོན་སྤྲོད་བྱེད་པའི་ཁྲོད་འཕེལ་རྒྱས་སྔར་ལས་ཆེ་བ་མངོན་འགྱུར་ཡོང་བའི་རེ་བ་བཏོན། རོན་ཐུང་སྒུལ་ཤུགས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལིའུ་ཐེན་ཝུན་གྱིས་མིག་སྔར་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད་པས། མཚོ་སྔོན་ལ་དངུལ་གཏོང་བཀོད་སྒྲིག་སྔར་ལས་རྒྱ་སྐྱེད་གཏོང་བ་དང་། ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་གདང་སྦྲེལ་ནས་གཉིས་ཕན་མཉམ་རྒྱལ་གྱི་རྣམ་པ་བཟང་པོ་སྐྲུན་འདོད་ཡོད་ཟེར།
རྟོག་ཞིབ་བྱེད་རིང་། ལུའོ་ཏུང་ཁྲོན་གྱིས་ཚོགས་པའི་སྣེ་ཁྲིད་ནས2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོང་ཚོགས་ཀྱི་མཚོ་སྔོན་འགྲེམས་ཁུལ་ལ་ལྟ་སྐོར་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་འགྲེམས་ཞུགས་ལས་ཁུངས་ཀྱི་འཐུས་མིར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་བྱས་པ་དང་། ཚང་མས་འཛམ་གླིང་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་གི་མདུན་གྲལ་འཕེལ་ཕྱོགས་དང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། རང་འགུལ་ངང་རྒྱལ་སྤྱིའི་མཉམ་ལས་ཀྱི་གོ་སྐབས་འཚོལ་བ། ཁྱད་ཆོས་ལྡན་པའི་ཞབས་ཞུ“ཕྱི་ལ་བསྐྱོད་པར”སྐུལ་འདེད་གཏོང་བ། སྤུས་ལེགས་ཐོན་ཁུངས“ནང་འདྲེན་བྱེད་པ”། “མཚོ་སྔོན་གྱི་ཞབས་ཞུའི”སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་སྔར་ལས་ཆེ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་གང་ལེགས་གཏོང་དགོས་པ་བཅས་ཀྱི་ཐད་ནས་སྐུལ་ལྕག་བྱས།
ཀྲང་ཅིན་ཀང་དང་ཝང་ཧའེ་ཧུང་སོ་སོར་འབྲེལ་ཡོད་བྱེད་སྒོར་ཞུགས།