འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་དང་སྲུང་སྐྱོབ་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་མགོ་བརྩམས།2025.09.12 ཁུངས། ཀློག་གྲངས།ཟླ9ཚེས11ཉིན། ཀྲུང་གོ་བཟོ་ཚོང་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་དངུལ་རྩ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་སྐུལ་སྤེལ་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་དང་སྲུང་སྐྱོབ་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་དངོས་སུ་འགོ་བརྩམས།
ཞིབ་འཇུག་གསོ་སྦྱོང་འཛིན་གྲྭའི་གསོ་སྦྱོང་དུས་ཡུན་ཉིན14ཉིན་ལ། རྒྱལ་ཁབ་ལྔ་ནས་ཡོང་བའི་སློབ་མ་ཉེར་གཉིས་གསོ་སྦྱོང་ཁྲོད་ཞུགས། སློབ་སྦྱོང་གི་ནང་དོན་ལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་སྲུང་སྐྱོབ་དང་དོ་དམ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་སོགས་ཆེད་དོན་འཆད་ཁྲིད11དང་ཆེད་དོན་ཞིབ་སྡུར་སློབ་ཚན8འདུ། འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཨ་ཧྥེ་རི་ཁ་ལྷོ་མ་ནས་ཡོང་བའི་སློབ་མ་ནེ་ཁི་ཡིས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད།
མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེན་ཡིན་ལ། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཐུན་མོང་མ་ཡིན་པའི་ས་ཁམས་ཆགས་སྟངས་དང་གནམ་གཤིས་ཁྱད་ཆོས་ཀྱིས་གོ་ལ་ཧྲིལ་བོའི་མཚོ་འཕངས་མཐོ་བའི་ས་ཁུལ་གྱི་རྒྱ་ཁྱོན་ཆེ་བ་དང་སྣ་མང་རང་བཞིན་གྱི་སྐྱེ་ཁམས་མ་ལག་གྲུབ་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལྔ་དང་། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དྲུག་འཆར་འགོད་གཏན་འབེབ་བཟོས་ཡོད་པ་དང་། རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་གཅིག་སྟོང་བརྒྱད་ལ་སླེབས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་ཧྲིལ་བོའི30.2%ཟིན་ཡོད། སྲུང་སྐྱོབ་ས་ཁུལ་འདི་དག་གིས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་སྲ་ཞིང་བརྟན་པའི་སྒྲོམ་གཞི་གྲུབ་ཅིང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་བདེ་འཇགས་ཀྱི་རྒྱུན་སྐྱོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་བང་མཛོད་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་མ་ལག་གི་བརྟན་འཇགས་ལ་འགན་སྲུང་བྱེད་པ་བཅས་ཀྱི་ཐད་ཚབ་བྱེད་མི་ཐུབ་པའི་སྲོག་ཤིང་གི་བྱེད་ནུས་འདོན་སྤེལ་བྱེད་ཀྱིན་ཡོད།
ཐེངས་འདིའི་གསོ་སྦྱོང་ནི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་དང་སྲུང་སྐྱོབ་ཁྱབ་ཁོངས་ལ་ཟུང་སྦྲེལ་བྱས་ནས་སྤེལ་བའི་ཕྱོགས་མང་མཉམ་ལས་ལས་གཞི་ཞིག་ཡིན་ལ། ཉམས་མྱོང་བརྗེ་རེས་སྟེགས་བུ་བཙུགས་པ་བརྒྱུད་རྒྱལ་ཁབ་སོ་སོར་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་མི་སྣ་གསོ་སྐྱོང་བྱ་རོགས་བྱེད་པ་དང་། ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་ཡིན།