ཟླ9པའི་ཚེས10ཉིན་ནས་ཚེས11ཉིན་བར། གཞི་གྲངས་ལ་བརྟེན་ནས་གཞི་རིམ་ལ་ནུས་པ་བསྩོལ་བའི་ཚོད་ལྟའི་གནས་ཀྱི་ལས་གཞི་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བདེ་འཇགས་འོས་འགན་སྨན་བཅོས་བྱ་འགུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྗོང་མི་དམངས་སྨན་ཁང་དུ་སྤེལ། ལས་གཞི་འདིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཟི་དང་ཅུའུ་ཡི་མཛུབ་སྟོན་འོག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་མི་གྲངས་རིག་གནས་དང་གཞི་རིམ་བདེ་འཇགས་ལྟེ་གནས་ཀྱིས་སྣེ་ཁྲིད་དེ་རྩ་འཛུགས་དང་། གཞི་གྲངས་སྨན་བཅོས་བདེ་ཐང་ཚན་རྩལ་ཁེ་ལས་ཏེན་ཞང་ཡོན་གཞི་རིམ་སྨན་པར་ནུས་པ་བསྩོལ་བའི་འཆར་གཞི་བརྒྱུད་དེ་བྱ་འགུལ་ནང་ཟབ་ཞུགས་བྱས།
ཐེངས་འདིའི་བྱ་འགུལ་གྱིས་གཞི་རིམ་སྨན་བཅོས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་དམིགས་པ་དང་། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་སྡེ་བའི་སྨན་པའི་ཚོགས་སྤྱིར་དམིགས་ནས་ནད་ཐོག་སྨན་བཅོས་ནུས་པ་མཐོར་འདེགས་དང་ལས་གཉེར་རྒྱུགས་ལེན་ལ་རྒྱལ་ཁ་ཐོབ་པའི་ཐད་རྒྱབ་སྐྱོར་བྱས།
བྱ་འགུལ་གྱི་ཡུལ་དངོས་སུ། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་། ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་སོགས་སྡེ་ཁག་གི་ཆེད་མཁས་པས་གྲུབ་པའི་སྨན་བཅོས་རུ་ཁག་གིས་ཁྲི་ཀ་རྫོང་མི་དམངས་སྨན་ཁང་དང་འབྲེལ་ཡོད་གཞི་རིམ་སྡེ་ཁག་ཏུ་འོས་འགན་སྨན་བཅོས་དང་ནད་ཁང་ཞིབ་བཤེར་སློབ་སྟོན་བྱ་བ་སྤེལ་ནས་བརྟག་བཅོས་བྱེད་ཐབས་ཚད་ལྡན་དུ་གཏོང་བ་དང་། ལག་རྩལ་ཆུ་ཚད་མཐོར་འདེགས་གཏོང་བ། ཞབས་ཞུའི་གོ་རིམ་ལེགས་བསྒྱུར་བྱེད་པ་སོགས་ཕྱོགས་ནས་ས་གནས་སྨན་པར་མཛུབ་སྟོན་བྱས།
གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་སྲུང་སྐྱོབ་བྱེད་པའི་སློབ་ཆེན་སློབ་མའི་སྡེ་བའི་སྨན་པའི་ཚོགས་སྤྱིར་དམིགས་ནས། ཏེན་ཞང་ཡོན་གྱིས་རང་གི་ཁོངས་གཏོགས་ཀྱི་ཏེན་ཞང་གསོ་རིག་རྒྱུགས་ལེན་དང་སྨན་བཀོལ་ལས་རོགས་པ། ཏེན་ཞང་ཡོངས་བསྒྲགས་སློབ་ཚན་བཅས་གཞི་གྲངས་ལག་ཆ་ཆེན་པོ་གསུམ་ལེགས་སྒྲིག་བྱས་ཏེ། འཁོར་ཡུན་ཧྲིལ་བོའི་འཚར་འོངས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་བཙུགས། ཏེན་ཞང་གསོ་རིག་རྒྱུགས་ལེན་གྱིས་ས་གནས་ཀྱི་སྡེ་བའི་སྨན་པར་རིན་མེད་རོགས་ཁྲིད་མཐོ་གྲངས་བཙུགས་པ་དང་། མ་ལག་སློབ་ཚན་དང་ཆེད་དོན་རྒྱུགས་གཞི། ཚོད་ལྟའི་རྒྱུགས་གཞི་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། སྨན་སྤྱོད་ལག་རོགས་པས་སྨན་རྫས་ཀྱི་གསལ་བཤད་ཡི་གེ་དང་ནད་ཐོག་མཛུབ་སྟོན་གཅིག་བསྡུས་བྱས་ཏེ་བརྟག་བཅོས་ནུས་པ་མཐོར་འདེགས་གཏོང་བར་རོགས་འདེགས་བྱས། ཏེན་ཞང་ཡོངས་བསྒྲགས་སློབ་ཚན་གྱིས་སྒྲིག་གཞི་ཅན་གྱི་སློབ་ཚན་མ་ལག་འདོན་སྤྲོད་བྱས་ནས། གཞི་རིམ་སྨན་པས་ས་ཁོངས་ཀྱི་ཚད་བཀག་ལས་བརྒལ་ནས་ནད་ཐོག་ཤེས་བྱ་སློབ་སྦྱོང་བྱེད་པར་རོགས་སྐྱོར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཏེན་ཞང་ཡོན་གྱིས་གཞི་རིམ་སྨན་པར་འཇོན་ནུས་བསྩོལ་བའི་འཆར་གཞི2019ལོར་ལག་བསྟར་བྱས་པའི་ཚུན་ལ། ཀན་སུའུ་ཀན་ལྷོ་དང་ཞིན་ཅང་ཨ་ཁུ་སུའུ་སོགས་རྒྱལ་ཡོངས་ཀྱི་ས་ཁུལ་མང་པོར་ཁེབས་པར་བྱས་ནས། གཞི་རིམ་སྨན་བཅོས་མི་སྣ་ཁྲི་གཅིག་དང་སྟོང་གཉིས་དང་། དེ་མིན་རྫོང་དང་ཡུལ་ཚོའི་གཞི་རིམ་མང་ཚོགས་ས་ཡ་གསུམ་ལྷག་ལ་རིན་མེད་ངང་གཞི་གྲངས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས། མ་འོངས་པར་ལས་གཞི་འདིས་ཕྱོགས་བསྡུས་ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་། ས་ཁུལ་སྔར་ལས་མང་པོའི་གཞི་རིམ་སྨན་པར་རོགས་སྐྱོར་བྱེད་རྒྱུ་བརྩོན་ལེན་བྱ་རྒྱུ་རེད།