ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་རུ་སོང་ནས་གྲོས་མོལ་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ9པའི་ཚེས9ཉིན་ནས་ཚེས11ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་སྣེ་ཁྲིད་དེ་པེ་ཅིང་དུ་མཉམ་དུའམ་ཡང་ན་སོ་སོར་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྩིས་བཤེར་ཧྲུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་དང་རྒྱལ་ཁབ་ནགས་རྩྭ་ཅུའུ་བཅས་ལ་སོང་ནས། སྦྲེལ་མཐུད་བྱ་བ་སྙན་ཞུ་བྱས་པ་དང་། པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་ཟབ་སྤེལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཉིན་རྒྱུན་བྱ་བར་འགན་འཁུར་བའི་པུའུ་ཀྲང་གཞོན་པ་ཧུའུ་ཧི་ཕིན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཁྲིན་རོས་ཧྥིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཕིན་དང་། རྩིས་བཤེར་ཧྲུའུ་ཡི་འགོ་གཙོ་ཧུའུ་ཁའེ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ལའོ་ཝུན། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡི་ཅུའུ་ཀྲང་ཧྲིན་ཁྲང་ཡུས། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་ཅུའུ་ཀྲང་ལིའུ་ཀའོ་ཧུང་བཅས་སོ་སོར་གྲོས་མོལ་ལ་ཞུགས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། མིག་སྔར། མཚོ་སྔོན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུལ་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་ལེགས་པོ་བྱེད་པར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་ཏེ། ཆ་ཚང་ཞིང་ཡང་དག་པ་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཧུར་ཐག་གིས་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་འདོམས་བྱེད་པ། སྟོབས་ཤུགས་གཅིག་བསྡུས་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་རླབས་ཆེན་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་བཞིན་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་དང་ཟུང་འབྲེལ་བྱས་ནས། སྲིད་ཇུས་དང་མ་དངུལ། ལས་གཞི། འཇོན་མི་སོགས་ཀྱི་ཕྱོགས་ནས་སྔར་ལས་མང་བའི་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། གནད་དོན་ཐག་གཅོད་པ་དང་ཞན་ཆ་གསབ་པ། ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ལ་རོགས་འདེགས་བྱེད་པ། མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་དེ་མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་གསོན་ཤུགས་གསར་པ་དང་སྒུལ་ནུས་གསར་པ་སྣོན་པའི་རེ་བ་བཅངས་ཡོད། 

ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རང་ཞིང་གིས་བཏོན་པའི་རྒྱབ་སྐྱོར་དོན་དག་སྣ་ཚོགས་དང་ལེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་གྱི་རྒྱལ་ཁབ་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ཏེ། འབྲེལ་འདྲིས་སྦྲེལ་མཐུད་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྔར་ལས་རོགས་ཤུགས་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་མཉམ་དུ་འབྲི་རྒྱུའི་ཚུལ་བསྟན།

ལིའུ་མའེ་ཕིན་དང་། ཀྲང་ཅིན་ཀང་། ཝང་ཏ་ནན། པད་གོ། ལིའུ་ཐའོ། དབྱང་ཀྲི་ཝུན། ཝང་ཧའེ་ཧུང་བཅས་སོ་སོ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།