ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་འཐུས་ཚབ་ལ་འཕྲིན་ལན་སྤྲིངས་ནས་དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས་པའི་སྐུལ་ལྕག་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་འཐུས་ཚབ་ལ་འཕྲིན་ལན་སྤྲིངས་ནས་དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས་པའི་སྐུལ་ལྕག་གནང་། ལིས་ཆང་གིས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་བྱ་བ་ལེགས་པོ་བསྒྲུབ་པར་མཆན་བཀོད་མཛུབ་སྟོན་གནང་།
 

དགེ་རྒན་དུས་ཆེན་ཐེངས་ཞེ་གཅིག་པ་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་འཐུས་ཚབ་ལ་འཕྲིན་ལན་སྤྲིངས་ནས་རེ་བ་ནན་མོ་བཏོན་པ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམ་པ་དང་སློབ་གསོའི་བྱ་བ་གཉེར་མཁན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུང་རྒྱུར། དམིགས་བསལ་ལས་གནས་ཀྱི་འཆར་གཞི་ལག་བསྟར་བྱས་ནས་ལོ་ངོ་ཉི་ཤུ་འགོར་བའི་རིང་ལ། རྒྱ་ཆེའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་རྣམས་ཞིང་སྡེའི་སློབ་གསོའི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཁྲིད་སྟེགས་སྟེང་གཞི་ཚུགས་ཏེ། བློ་རྩེ་གཅིག་སྒྲིམ་དང་ཧུར་བརྩོན་འབད་འཐབ་ཀྱིས་སློབ་མ་རྣམས་ལ་བུམ་པ་གང་བྱོའི་ཚུལ་དུ་སློབ་ཁྲིད་བྱས་ནས། མི་དམངས་དགེ་རྒན་གྱི་བརྩེ་སེམས་དང་འགན་འཁྲི་མངོན་པར་བྱས།

ཞི་ཅིན་ཕིང་གིས་སློབ་གསོའི་ཇུས་ཆེན་གྱི་རྩ་བ་དགེ་རྒན་ཡིན་པས། ཁྱོད་ཚོས་མུ་མཐུད་དུ་སློབ་གསོར་བཅངས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་མུ་མཐུད་དུ་ཆེ་རུ་གཏོང་དགོས་ལ། བློ་སེམས་རྩེ་གཅིག་གིས་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་དང་ཁྲིད་སྟོན་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྔར་ལས་མང་པོ་ཧུར་ཐག་གིས་གསོ་སྐྱོང་བྱས་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཀྱི་བྱ་བ་ལེགས་པོ་བསྒྲུབ་པར་མཆན་བཀོད་མཛུབ་སྟོན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་འཐུས་ཚབ་ལ་འཕྲིན་ལན་སྤྲིངས་པ་དེས། ཏང་ཀྲུང་དབྱང་གིས་དགེ་རྒན་གྱི་དཔུང་སྡེ་ལ་ཐུགས་ཁུར་དང་མཐོང་ཆེན་གནང་བཞིན་པ་གང་ལེགས་སྒོས་མཚོན་ཡོད། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་གཉེར་མཁན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། ཀུན་སྤྱོད་ལ་བརྟེན་ནས་འཇོན་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མེས་རྒྱལ་དང་མི་དམངས་ལ་ཆེས་མཁོ་བའི་ས་གནས་སུ་སོང་ནས་སློབ་གསོ་སྒྲུབ་པ་དང་དཔེ་ཁྲིད་མི་སྐྱོང་གི་བྱ་བ་འབད་པས་བསྒྲུབས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི་ནི། ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་བཏང་སྟེ། ཆེད་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུས་ནས་དབུས་ནུབ་རྒྱུད་ཀྱི་ཞིང་སྡེའི་སློབ་གྲྭ་རུ་དགེ་རྒན་བྱེད་པའི་ཐད་བཀོལ་བཞིན་ཡོད། 2006ལོར་དམིགས་བསལ་ལས་གནས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་ཚུན་ལ། བསྡོམས་པས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་བསྡུ་ལེན་བྱས་ཏེ། ཞིང་ཆེན22དང་རྫོང་ཆིག་སྟོང་ལྷག་གི་ཞིང་སྡེའི་སློབ་གྲྭ་ཁྲི་གསུམ་ལྷག་ལ་ཁྱབ་ཡོད།  ཉེ་ལམ། རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་དགེ་རྒན་སོགས་ཀྱི་མཚན་སྙན་ཐོབ་མྱོང་བའི་རྒྱལ་ཡོངས་ཀྱི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་འཐུས་ཚབ་པ་བརྒྱད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཞིང་སྡེའི་སློབ་གསོའི་འཐབ་ཕྱོགས་དང་པོ་རུ་བྱ་བ་སྒྲུབ་པའི་གནས་ཚུལ་དང་མྱོང་ཚོར་སྙན་ཞུ་བྱས་ཏེ། ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་འཛིན་པ་དང་། ཞིང་སྡེ་རུ་གཞི་ཚུགས་ནས་དཔེ་ཁྲིད་མི་སྐྱོང་གི་ལས་དོན་ཡག་པོར་སྒྲུབ་པའི་ཆོད་སེམས་བསྟན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།