ཚེས3ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཚེས3ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་ནས། དྲང་བདེན་གྱི་དད་སེམས་ལ་གཡོ་འགུལ་གཏོང་མི་རུང་ལ། ཞི་བདེའི་རེ་སྒུག་བཀག་འགོག་བྱེད་མི་རུང་། མི་དམངས་ཀྱི་སྟོབས་ཤུགས་ནི་བླ་ན་མཐོ། དུས་ནམ་ཡིན་ཡང་ང་ཚོས་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་དགོས། བློ་རྩ་བརྟན་པོས་རྒྱལ་སྤྱིའི་དྲང་སྙོམ་དྲང་བདེན་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་སྲོལ་བཟང་རྒྱས་སུ་འཇུག་པ་དང་། ཚང་མས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། འཛམ་གླིང་གི་ཞི་བདེ་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་དགོས། ཚང་མས་མི་དམངས་ཀྱི་འདོད་བློ་སེམས་སུ་འཛིན་པ་དང་། གནམ་འོག་གི་ཁེ་ཕན་དོན་དུ་གཉེར་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་སྣེ་ལེན་ཚོགས་འདུར་འགོ་འཛིན་མཛད་པ་དང་། ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་སྣེ་ལེན་ཚོགས་འདུར་ཞུགས།
སྔ་དྲོའི་ཆུ་ཚོད11དང་སྐར་མ30སྟེང་། 《ཞི་བདེ་དང་ལས་སྐལ་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཀྱི་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕིན་ལིས་ཡོན་རྣམ་གཉིས་སྣེ་ལེན་ཚོགས་འདུར་ཞུགས་མཁན་གྱི་ཕྱི་རྒྱལ་གྱི་འགོ་ཁྲིད་སྐུ་ཟླ་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
སྣེ་ལེན་ཚོགས་འདུ་འགོ་བརྩམས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། ལྷན་རྒྱས་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་རྒྱལ་ཁ་ཐོབ་པའི་རྗེས་དྲན་ཉིན་མོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ལོ་ངོ80ཡི་སྔོན་དུ། ཀྲུང་གོ་མི་དམངས་ཀྱིས་ལོ14རིང་དུ་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད། འཇར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་པར་བརྒྱབ་སྟེ། འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཡོངས་སུ་ཐོབ་པ་ཁྱབ་བསྒྲགས་བྱས། དེ་ནི་ཀྲུང་ཧྭ་མི་རིགས་ཉེ་རབས་ནས་བཟུང་ཉམས་ཉེན་ཚབས་ཆེན་གྱི་གནས་སུ་ལྷུང་བ་དང་བསྐྱར་དར་རླབས་ཆེན་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་ལ། འཛམ་གླིང་འཕེལ་རྒྱས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁ་རླབས་ཆེན་འདི་ནི། ཀྲུང་གོ་མི་དམངས་ཀྱིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་མནའ་འབྲེལ་རྒྱལ་ཁབ་དང་། རྒྱལ་ཁབ་ཁག་གི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ནས་ཐོབ་པ་ཞིག་རེད། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱས་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོ་དག ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས།
ཞི་ཅིན་ཕིང་གིས་གནས་སྐབས་ཤིག་གི་དྲག་ཞན་ནི་སྟོབས་ཤུགས་ལ་ཐུག་པ་དང་། དུས་གཏན་གྱི་རྒྱལ་ཕམ་ནི་གནས་ལུགས་ལ་ཐུག་ཡོད། དྲང་བདེན་དང་འོད་སྣང་། ཡར་ཐོན་བཅས་ཀྱིས་ངན་རེངས་དང་ནག་ཕྱོགས། ལོག་སྤྱོད་བཅས་ལས་རྣམ་པར་རྒྱལ་ངེས་ཡིན། མིའི་རིགས་གོ་ལ་གཅིག་ཏུ་འཚོ་བཞིན་ཡོད་པས། ཕྱར་བ་གྲུ་འདེགས་དང་འཆམ་མཐུན་མཉམ་གནས་བྱ་དགོས་པ་ལས། གཉོམ་ཤ་བཙན་ཟས་ཀྱི་འཚོ་གནས་ལ་བསྐྱར་ལོག་གཏན་ནས་བྱེད་མི་རུང་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པ་དང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་འཚོལ་སྙེག་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་རེ་འདུན་ཡིན། དུས་ནམ་ཡིན་རུང་། ང་ཚོས་མི་དམངས་ཀྱི་འདོད་བློ་སེམས་སུ་འཛིན་པ་དང་། གནམ་འོག་གི་ཁེ་ཕན་དོན་དུ་གཉེར་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པའི་དེང་རབས་ཅན་ཡིན་པ་དང་། ཀྲུང་གོ་ནམ་ཡང་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་བརྟན་བརླིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ཡིན། ང་ཚོས་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཁག་ཚང་མས་ལོ་རྒྱུས་དཔེ་གཞིར་འཛིན་པ་དང་ཞི་བདེ་གཙོ་བོར་བཟུང་སྟེ། ཐུན་མོང་ཐོག་འཛམ་གླིང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་དགོས་ཞེས་གསུངས།
ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་འཐུས་ཚབ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དེ་སྔའི་ཆབ་སྲིད་མི་སྣ་གལ་ཆེན། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་དང་དྲག་དཔོན། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་འཐུས་མི། ཀྲུང་གོའི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་འཇོག་མཁན་རྒྱལ་སྤྱིའི་ཟླ་གྲོགས་མི་སྣའམ་ནང་མིའི་འཐུས་མི་སྣེ་ལེན་ཚོགས་འདུར་ཞུགས།
སྣེ་ལེན་ཚོགས་འདུར་ཞུགས་མཁན་གྱི་གྲས་སུ་ད་དུང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་བཅས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་པ་རྒན་པ་དང་བློ་མཐུན་རྒན་པ། འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་ཚབ། གོ་མིན་ཏང་གི་འཇར་འགོག་དམག་མི་རྒན་པའི་འཐུས་ཚབ། རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་མི་སྣ། འཇར་འགོག་དམག་འཁྲུག་གི་དམག་དཔོན་དང་འདས་པོའི་ཁྱིམ་མིའི་འཐུས་ཚབ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ་གཙོ་བོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་ཚབ། བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་འཐུས་ཚབ། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླའི་འཐུས་ཚབ་སོགས་ཀྱང་སྣེ་ལེན་ཚོགས་འདུར་ཞུགས།
དགའ་སྤྲོའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཉམ་དུ་ཕོར་བ་བཀྱགས་ནས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་པར་མཉམ་དུ་རྟེན་འབྲེལ་ཞུས་པ་དང་། མཉམ་དུ་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་ཞུས།
སྣེ་ལེན་ཚོགས་འདུའི་སྟེང་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་སྐུ་ཟླ་རྣམ་གཉིས་ཀྱིས་སྐུ་མགྲོན་ཚོ་དང་ལྷན་དུ།《ལོ་རྒྱུས་དཔེ་གཞིར་བཟུང་ནས་འབྱུང་འགྱུར་མཉམ་དུ་གཏོད》བརྗོད་དོན་གཙོ་བོ་ཡིན་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས།