འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་9ཚེས་2ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་མོལ་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཐུབ་ཅིང་། ཇི་སྲིད་བར་གྱི་ཁྱིམ་མཛེས་མཛའ་གྲོགས་དང་། ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར། གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཕྱོགས་གཉིས་པོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་གཏན་ཤུགས་རྒྱུན་འཁྱོངས་བྱས་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གང་ལེགས་ཐོབ་ཡོད། ཀྲུང་གོས་ཨུ་རུ་སུའི་དབར་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་བྱེད་པ་དང་། ཕན་ཚུན་གྱི་གོང་འཕེལ་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་ལངས་ཕྱོགས་སྐོར་ལ་མཐུན་སྦྱོར་བྱེད་པ་བརྒྱུད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་གོང་འཕེལ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོར་རང་སོའི་གོང་འཕེལ་དང་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་ལྡན་པས། ཕྱོགས་གཉིས་པོས་རྣམ་གྲངས་ཆེན་པོའི་ཐོག་ནས་མཉམ་ལས་ལ་སྣེ་ཁྲིད་བྱེད་པ་དང་། དཔེ་མཚོན་མཉམ་ལས་རྣམ་གྲངས་གཏོད་པ། གཏིང་ཟབ་པའི་ཁེ་ཕན་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། མཉམ་ལས་ཀྱི་ལྡེམ་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་ཀྱི་མ་གྲོས་རང་མཐུན་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་མཉམ་ལས་ཀྱི་གནས་བབ་ཧྲིལ་པོ་སྲ་བརྟན་དུ་གཏོང་བ་དང་སྲུང་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕན་ཚུན་བར་ཕ་རོལ་པོའི་རྒྱལ་ཁབ་ཀྱིས་གཉེར་བའི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེའི་ཐོག་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་མཁན་རྒྱལ་ཁབ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཆེན་པོའི་འགན་འཁྲི་གང་ལེགས་མངོན་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་སྲུང་སྐྱོང་དང་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད། ང་རང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པའི་དེ་ནི་བློ་སེམས་གཅིག་མཐུན་གྱི་རྒྱལ་ཁབ་ཡོད་ཚད་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ་དང་། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་ཡིན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་བདག་དབང་འདྲ་མཉམ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་། ཕྱོགས་མང་རིང་ལུགས་བཅས་ནན་བཤད་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྟེགས་བུར་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཞེས་བསྟན་གནང་ཡོད།
ཕུའུ་ཅིང་གིས། ང་རང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ལས་ཚད་མཐོའི་འཐབ་ཇུས་རང་བཞིན་མངོན་ཡོད་པ་དང་། ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5པར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་སུའུ་ལན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་གནང་ཡོད། ང་རང་སང་ཉིན་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་རྒྱུ་ཡིན་པས། དེ་ནི་རྒྱལ་ཁབ་གཉིས་པོས་འཛམ་གླིང་ལ་ཨུ་རུ་སུ་དང་ཀྲུང་གོས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་སོ་སྲུང་རོགས་རེས་དང་དཔུང་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ། ཡོ་རོབ་ཀྱི་དམག་ས་གཙོ་བོ་དང་ཤར་ཕྱོགས་ཀྱི་དམག་ས་གཙོ་བོར་རྒྱལ་ཁ་ཐོབ་ཆེད་འགག་རྩའི་ནུས་པ་འདོན་སྤེལ་བྱས་པ་མངོན་པ་དང་། ཐུན་མོང་ཐོག་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མར་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་བརྟན་པོ་མཚོན་པར་བྱས་ཡོད། ཨུ་རུ་སུ་དང་ཀྲུང་གོས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་མཐུན་སྒྲིལ་མཉམ་ལས་བྱས་པ་དེའང་དུས་རབས་གསར་པའི་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་གོང་འཕེལ་གྱི་རྨང་གཞི་བརྟན་པོར་གྱུར་ཡོད། ཀྲུང་གོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་། གྲོས་ཚོགས་ཐོག་ཐུན་མོང་གི་ངོས་འཛིན་མང་པོ་འཇོག་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད་པས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ནི་ཧ་ཅང་གི་དུས་ཐོག་དང་དགོས་ངེས་ཤིག་ཡིན་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཞན་ཆ་གསབ་པ་དང་སྐྱོན་ཆ་སེལ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད། ཨུ་རུ་སུས་ཀྲུང་གོ་དང་འཐབ་ཇུས་རོགས་ལས་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་ཆུ་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཐུན་མོང་ཐོག་ཐུགས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་གིས་ཕུའུ་ཅིང་དང་ལྷན་དུ་ཁྱབ་ཁོངས་ཆུང་བའི་ཇ་མོལ་གནང་བ་མ་ཟད་གསོལ་སྟོན་བཤམས་ཡོད།
ཕྱོགས་གཉིས་པོས་ནུས་རྒྱུ་དང་། མཁའ་སྐྱོད། མི་ཐབས་རིག་ནུས། ཞིང་ལས། བརྟག་དཔྱད་དང་ནད་ཡམས་ཞིབ་བཤེར། འཕྲོད་བསྟེན། ཚན་ཞིབ། སློབ་གསོ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་20ལྷག་ལ་མཚན་རྟགས་བཀོད་ཡོད།
ཚའེ་ཆི་དང་། ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།