མཚོ་སྔོན་གསར་འགྱུར་བའི་འཕྲིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མདོ་དབུས་མཐོ་སྒང་གི་རྒྱུ་སྤུས་མཐོ་བའི་དབྱར་དུས་ཀྱི་འབྲི་ཏ་ས་འཛིན་ཐོན་སྐྱེད་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་རྣམ་གྲངས་དེ་ཟི་ལིང་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུ་ལྟེ་གནས་ཀྱིས་མཚོ་སྔོན་སློབ་ཆེན་ཞིང་ནག་ཚན་རིག་ཁང་དང་མཉམ་འབྲེལ་བྱས་ནས། ད་ལོའི་ཟླ་གསུམ་པ་ནས་བཟུང་དངོས་སུ་ལག་བསྟར་བྱས། རྣམ་གྲངས་དེར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་དེའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་བ་དང་། སྦགས་བཙོག་མེད་པ། ལྷད་མེད་རང་བྱུང་བཅས་ཀྱི་ནམ་ཟླའི་ཁྱད་ཆོས་སྤྱད་དེ་མདོ་དབུས་མཐོ་སྒང་ལ་འཚམ་པའི་འབྲི་ཏ་ས་འཛིན་གྱི་སྤུས་ལེགས་སོན་རིགས་གདམ་གསེས་ནང་འདྲེན་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྤུས་ཚད་མཐོ་བའི་འབྲི་ཏ་ས་འཛིན་ནུས་ཆེའི་ཐོན་སྐྱེད་ལག་རྩལ་མ་ལག་ཆ་ཚང་ཞིག་གྲུབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲི་ཏ་ས་འཛིན་ཁྲོམ་རའི་སྟེང་འདོན་པའི་སྟོང་ཆ་ཁ་གསབ་བྱས་ནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།
ལས་གཞི་སྤེལ་འགོ་ཚུགས་པ་དང་ལས་གཞི་ཚོ་ཆུང་གི་ཁོངས་མིས་གང་མགྱོགས་ཅི་མགྱོགས་ཀྱིས་ཧྲན་ཏུང་ཐའེ་ཨན་དང་ཡན་ཐའེ། ལིའོ་ཉིང་ཏན་ཏུང་། ཅང་སུའུ་སུའུ་ཀྲོའུ་སོགས་ནས་འབྲི་ཏ་ས་འཛིན་སྐྱེ་སྣ་གསར་པ་དག་རྟ་ཐང་རྫོང་སྐྱིད་ཚང་གྲོང་རྡལ་དང་། ཧོང་ཀྲུང་ཆུས་ཞི་པའོ་གྲོང་རྡལ་ལི་ཅ་ཧྲན་གྲོང་རྡལ། སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ། དེ་བཞིན་ཧོར་གྲོང་རྫོང་རྒྱལ་ཁབ་ཞིང་ལས་དཔེ་སྟོན་གླིང་སོགས་རྟེན་གཞི་མང་པོ་ཞིག་ལ་སྣ་ཁ་གདམ་གསེས་ཐོག་ནང་འདྲེན་བྱས་ནས་ཞིང་སར་ཚོད་ལྟ་བྱ་བ་བཀོད་སྒྲིག་བྱས། རྣམ་གྲངས་ཚོ་ཆུང་གིས་སྣ་ཁ་ཁག་གི་ལོ་ཏོག་རིག་པའི་ཁྱད་གཤིས་དང་། སྐྱེ་དངོས་རིག་པའི་ཁྱད་གཤིས། འབྲས་བུའི་རྒྱུ་སྤུས་སོགས་ལ་རྗེས་འདེད་ཐོག་ལྟ་ཞིབ་ཟིན་ཐོར་བཀོད། མིག་སྔར་ནང་འདྲེན་བྱས་པའི་འབྲི་ཏ་ས་འཛིན་གྱི་སོན་རིགས་དག་ཟླ9པའི་ཟླ་དཀྱིལ་དུ་ཞིབ་འདེམས་དང་ཐོན་ཚད། རྒྱུ་སྤུས་ཚད་འཇལ་དང་གཏན་འཁེལ་བཅས་ཀྱི་ལས་དོན་སྤེལ་ནས་མདོ་དབུས་མཐོ་སྒང་གི་དབྱར་དུས་ཀྱི་གནམ་གཤིས་ཆ་རྐྱེན་དང་ཧ་ཅང་འཚམ་པའི་སོན་རིགས་གདམ་གསེས་བྱེད་དགོས།
ཟི་ལིང་གི་དབྱར་དུས་ཀྱི18℃ནས་25℃བར་གྱི་ཆེས་བཟང་བའི་དྲོད་ཚད་ཁུལ་ལ་གཞིགས་ནས། རྣམ་གྲངས་ཚོ་ཆུང་གི་ཐོག་མར་མདོ་དབུས་མཐོ་སྒང་གི་ནམ་གཤིས་ཁྱད་ཆོས་ལ་དམིགས་ཏེ། དྲོད་ཚད་དམའ་བ་དང་འོད་དྲག་པོ་བཟོད་པའི་རྩྭ་རིགས་བདམས་པ་མ་ཟད་ད་དུང་ས་བབ་སྐས་ཚད་འདུལ་གསོ་ལག་རྩལ་བརྒྱུད་ནས་འབྲི་ཏ་ས་འཛིན་མཐོ་སྒང་ས་ཁུལ་དུ་ལོ་འཁོར་ཐོན་སྐྱེད་མངོན་འགྱུར་ཐུབ་པར་སྔོན་དཔག་བྱས།
མདོ་དབུས་མཐོ་སྒང་གི་སྤུས་ཚད་མཐོ་བའི་འབྲི་ཏ་ས་འཛིན་གྱི་ཐོན་སྐྱེད་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་པ་དེས་ ཞིང་པའི་ཡོང་འབབ་འཕར་སྣོན་དང་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་ཐུབ་པ་མ་ཟད། མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཐུབ་པ་རེད།