མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝུའེ་ཏུང་གིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་སྤྱི་པའི་ཞབས་ཞུ་ཇེ་མཐོར་གཏོང་བའི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་མ་ཟད་ད་དུང་སློབ་སྐབས་གསར་པའི་སློབ་འགོ་ཚུགས་ཚུལ་ལ་ཞིབ་བཤེར་བྱེད་སྐབས་འདི་སྐད།། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ཐོག་ལག་བསྟར་གཏིང་ཟབ་བྱས་ཏེ། ཀུན་སྤྱོད་བཟང་པོའི་མི་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམ་འཛིན་དང་། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་བཅས་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་སློབ་གསོའི་ཐད་ལ་མི་དམངས་མང་ཚོགས་ཀྱིས་བཅངས་པའི་རེ་སྒུག་ལེགས་པར་བསྐང་དགོས་ཞེས་བསྟན།
ཝང་ཝེ་ཏུང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སློབ་འབྲིང་སྤུས་ལེགས་སློབ་གསོའི་ཚོགས་པའི་ཐའོ་ཤིན་སློབ་ཁུལ་དང་ཟི་ལིང་གྲོང་ཁྱེར་སློབ་འབྲིང་བདུན་པ་ཀྲུང་ཧྭ་སློབ་ཁུལ་དུ་སོང་ནས། ཚོགས་པ་ཅན་གྱི་སློབ་གཉེར་དང་། སློབ་གསོ་སློབ་ཁྲིད། ཉི་འོད་སློབ་བསྡུ། སློབ་གྲྭའི་བདེ་འཇགས་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། སློབ་མའི་ཁྱིམ་བདག་དང་དགེ་རྒན་དང་སྐབས་བསྟུན་གླེང་མོལ་བྱས་ནས་བུ་ཕྲུག་སློབ་གྲྭར་ཞུགས་པ་དང་། སློབ་ཁྲིད། སློབ་ཞིབ་སོགས་ཀྱི་གནས་ཚུལ་ལ་དོ་ཁུར་དང་འདྲི་རྩད་བྱས།
བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ཝང་ཝེ་ཏུང་གིས་འདི་སྐད། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱེད་པ་དང་མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས། ཚན་རིག་དང་མཐུན་པའི་འཆར་འགོད་དང་མ་ལག་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། མདུན་ལམ་ལ་ཞིབ་འཇུག་ལེགས་པོ་དང་བཀོད་སྒྲིག་ལེགས་པོ། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་བཅས་བྱས་ཏེ་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་ཞུགས་པའི་དགོས་མཁོར་འགན་སྲུང་ནུས་ལྡན་དང་། འོས་འགན་སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། ཚོགས་པ་ཅན་གྱི་སློབ་གཉེར་གྲུབ་འབྲས་རྒྱ་སྐྱེད་དང་། སྤུས་ལེགས་སློབ་གྲྭའི་སློབ་ཁྲིད་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ། དགེ་རྒན་དོ་དམ་དང་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་བཅས་སུ་བཏང་སྟེ། རྨང་གཞིའི་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཉི་འོད་ཀྱི་སློབ་མ་བསྡུ་བའི་བླང་བྱ་དམ་འཛིན་བརྟན་པོ་དང་། སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། བྱ་བའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཉམས་མྱོང་དང་བྱེད་སྟངས་དུས་ཐོག་ཏུ་ཕྱོགས་བསྡོམས་དང་ཁྱབ་གདལ་བཏང་ནས་སློབ་མ་བསྡུ་བའི་བརྒྱུད་རིམ་ཡོངས་སྒྲོག་ཁ་གསལ་དང་། དྲང་གཞག་དྲང་བདེན་ཡོང་བར་འགན་ལེན་བྱ་དགོས། སྣོད་བཅུད་དཔལ་ཡོན་གྱི་མཐོ་སར་ཡོད་པའི་ལྟེ་བའི་གྲོང་ཁྱེར་གྱི་གནས་ཐིག་གཏན་འཁེལ་ལ་གཞི་ཚུགས་ནས་སྣོད་བཅུད་དཔལ་ཡོན་གྱི་སློབ་ཚན་འཚོལ་ཞིབ་བྱས་ཏེ། སློབ་མས་གསར་གཏོད་ལག་ལེན་བརྒྱུད་སྣོད་བཅུད་ཀྱི་མཛེས་སྡུག་ལ་ཉམས་ལེན་གང་ལེགས་དང་། འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བའི་གསོན་ཤུགས་སྔར་ལས་ལེགས་པར་སྐུལ་སྤེལ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲང་ཅུན་ལུའུ་དང་ཁྲེན་ཡུང་ཆིན་ཞུགས་པ།