2025ལོའི་མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཡོངས་སྨན་རྫས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར”སྤེལ་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི2025ལོའི་“རྒྱལ་ཡོངས་སྨན་རྫས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར”འགོ་ཚུགས་ཤིང་། དམིགས་ཡུལ་ནི་སྤྱི་དམངས་ཀྱི་བདེ་འཇགས་སྨན་སྤྱོད་ཤེས་བྱ་དྲིལ་སྒྲོག་ཁྱབ་གདལ་གཏིང་ཟབ་དང་། སྤྱི་དམངས་ཀྱི་སྨན་རྫས་བདེ་འཇགས་ཚན་རིག་བྱང་ཚད་ཇེ་མཐོར། བདེ་འཇགས་སྨན་སྤྱོད་སྤྱི་ཚོགས་ཀྱི་ཐུན་མོང་བཅོས་སྐྱོང་ནུས་ཤུགས་གཅིག་སྒྲིལ་བཅས་བྱ་ཆེད་རེད།

ད་ལོའི་དྲིལ་སྒྲོག་གཟའ་འཁོར་གྱིས“དམངས་ཀྱི་ཆེད་དུ་སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱེད་དགོས”ཞེས་པ་བརྗོད་གཞིར་བཟུང་ཡོད། བྱེད་སྒོ་སྤེལ་སར་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚན་རིག་ཁྱབ་གདལ་གྱི་དཔྱད་གཞི་འགྲེམས་སྤེལ་དང་དངོས་རྫས་འགྲེམས་སྟོན། ཕན་ཚུན་དོགས་འདྲི་དང་དྲི་བར་དྲིས་ལན་འདེབས་པ་སོགས་ཀྱི་རྣམ་པ་བརྒྱུད་སྤྱི་དམངས་ལ་སྨན་རྫས་དང་། བྱུག་རྫས། སྨན་བཅོས་ཡོ་བྱད་བཅས་ཀྱི་འབྲེལ་ཡོད་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་སྨན་རྫས་བདེ་འཇགས་ལས་དོན་རྒྱ་ཁྱབ་ངང་ཞུགས་པར་སྐུལ་སློང་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན། ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་བཅས་བཏང་སྟེ། སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་ཞིང་། བདེ་འཇགས་ཡིན་པ། ལུགས་དང་མཐུན་པ་བཅས་ཀྱི་སྒོ་ནས་སྨན་རྫས་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་ཐུན་མོང་ཐོག་བསྐྲུན་དགོས་པ་འབོད་སྐུལ་བྱས།

དྲིལ་སྒྲོག་གཟའ་འཁོར་རིང་ཞིང་ཆེན་གྱིས་རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པ། དམིགས་ས་རང་བཞིན་དང་ཕན་ནུས་བཅས་ལྡན་པའི་བྱེད་སྒོ་ཁག10སྤེལ་རྒྱུ་ཡིན་ཞིང་། དེའི་ནང་དུ“སྨན་རྫས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར”གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོ་དང་། སྨན་རྫས་བདེ་འཇགས་དྲ་རྒྱའི་ཤེས་བྱ་འགྲན་སྡུར། སྤྱི་དམངས་སྒོ་འབྱེད་ཉིན་མོ། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་དང་། སྨྱན་སྦྱོར་ཆེད་དོན་དྲིལ་སྒྲོག སྨན་བཅོས་ཡོ་བྱད་དཔྱད་ཞིབ་སྤྱི་དམངས་སྒོ་འབྱེད་ཉིན་མོའི་བྱེད་སྒོ་དང་། “མདུན་སྐྱོད་གསུམ་”དྲིལ་སྒྲོག་བྱེད་སྒོ།   ཁྲིམས་སྐྱོང་རྟོག་ཞིབ་བྱེད་སྒོ་སོགས་ཚུད་ཡོད། ས་གནས་ཁག་གིས“དྲིལ་སྒྲོག་གཟའ་འཁོར”བྱེད་སྒོ་རབ་དང་རིམ་པ་དུས་མཉམ་དུ་སྤེལ་ནས་སྤྱི་ཚོགས་ཀྱི་ཚོགས་པ་དང་། སྨན་བཅོས་ལས་ཁུངས། ཚན་རིག་ཞིབ་འཇུག་ལས་ཁུངས།  ཁེ་ལས་ཆེ་གྲས། གསར་འགྱུར་སྨྱན་སྦྱོར་སོགས་ཞུགས་པར་སྐུལ་མ་དང་ཁྲིད་སྟོན་བྱས་ཏེ། སྤྱི་དམངས་ལ་ཁ་ཕྱོགས་ནས་སྨན་རྫས་བདེ་འཇགས་ཤེས་བྱ་ཁྱབ་གདལ་དང་། སྤྱི་ཚོགས་ཡོངས་སུ་བདེ་ཐང་གི་འཚོ་བའི་འདུ་ཤེས་དང་འཚོ་བ་བྱེད་སྟངས་དར་སྤེལ། སྤྱི་དམངས་ཀྱི་སྨན་རྫས་བདེ་འཇགས་ཚན་རིག་གི་བྱང་ཚད་སྔར་བས་མཐོར་འདེགས་བཅས་གཏོང་དགོས། དེ་དང་ཆབས་ཅིག་ཁྲིམས་འཛིན་ཞིབ་བཤེར་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་རྫས་ཀྱི“འབྱུང་ཁུངས་ནས་གཙང་སེལ་བྱ་བའི”བྱ་སྤྱོད་དང་འབྲེལ་ཏེ་སྨན་རྫས་འཁོར་རྒྱུག་ཁེ་ལས་དང་སིལ་ཚོང་སྨན་ཁང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔེ་མཚོན་གྱོད་གཞི་ཁྲིམས་ལྟར་དམར་འདོན་བྱེད་པ་དང་། ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། སྨན་རྫས་ཁྲོམ་ར་གཙང་འགྱུར་བྱེད་པ་དང་། སྨན་རྫས་བདེ་འཇགས་ཀྱི་མ་མཐའི་ཚད་གཞི་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་སྨན་རྫས་བདེ་འཇགས་དང་ཕན་ནུས་ལྡན་པའི་ངང་སྤྱོད་ཐུབ་པར་འགན་སྲུང་བྱེད་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།