ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་གནད་ལྟ་སྐུལ་འཐུས་མིའི་གྲོས་འགོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

《གྲོང་གསེབ་ཞིང་ལས་འགྱིག་ཤོག་རྙིང་རུལ་ཕྱིར་བསྡུ་བེད་སྤྱོད་བྱེད་པར་ཤུགས་བསྣན་ནས་སྦགས་བཙོག་ཇེ་ཉུང་དུ་གཏོང་བའི་སྐོར་གྱི་གྲོས་གཞི》སྒྲུབ་པའི་གནས་ཚུལ་ལ་གཙོ་བོར་སྐུལ་སྒྲུབ་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས29ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐུལ་སྒྲུབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་འཐུས་མིས་བཏོན་པའི《གྲོང་གསེབ་ཞིང་ལས་འགྱིག་ཤོག་རྙིང་རུལ་ཕྱིར་བསྡུ་བེད་སྤྱོད་བྱེད་པར་ཤུགས་བསྣན་ནས་སྦགས་བཙོག་ཇེ་ཉུང་དུ་གཏོང་བའི་སྐོར་གྱི་གྲོས་གཞི》སྒྲུབ་པའི་གནས་ཚུལ་ལ་གཙོ་གནད་སྐུལ་སྒྲུབ་བྱས།

སྐུལ་སྒྲུབ་ཚན་ཆུང་གིས་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཅིན་དབྱང་གྲོང་རྡལ་ཞའོ་སི་སྡེ་བའི་ཞོག་ཁོག་འདེབས་འཛུགས་རྟེན་གཞི་དང་། ཏུང་ཞཱ་གྲོང་རྡལ་ཏའོ་ལུང་སྡེ་བའི་ཞིང་ཁའི་འགྱིག་རུལ་ཕྱིར་བསྡུ་ས་ཚིགས། ཁང་ལི་སྡེ་བའི་ལོག་དཀར་འགེབ་ཤོག་ཐོན་སྐྱེད་རྟེན་གཞི་བཅས་སུ་ས་གནས་ཀྱི་ལས་བྱེད་མང་ཚོགས་ལ་བརྗེ་རེས་བྱས་ཏེ། ཞིང་ལས་འགྱིག་ཤོག་བེད་སྤྱོད་དང་ཕྱིར་བསྡུ། བཀོལ་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། འབྲེལ་ཡོད་འཐུས་མིའི་གྲོས་གཞི་སྔར་ལས་ལེགས་པོར་སྒྲུབ་པའི་སྐོར་ནས་བཞུགས་མོལ་བྱས།

སྐུལ་སྒྲུབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཞིང་ལས་འགྱིག་ཤོག་ཕྱིར་བསྡུ་བེད་སྤྱོད་བྱེད་པའི་འབྲེལ་ཡོད་འཐུས་མིའི་གྲོས་གཞིར་དམིགས་ནས། འགན་སྒྲུབ་ལས་ཁུངས་ཀྱིས་ཞིབ་འཇུག་དོན་འཁྱོལ་ཞིབ་མོ་བྱས་པ་དང་། ས་གནས་སྲིད་གཞུང་གིས་ཧུར་ཐག་གིས་བྱེད་ཐབས་ནུས་ལྡན་སྤྱད་པས། བྱ་བར་གྲུབ་འབྲས་ངེས་ཅན་བླངས་ཡོད། དེང་རབས་ཞིང་ལས་ཁྲོད་ཞིང་ལས་འགྱིག་ཤོག་བེད་སྤྱོད་བྱེད་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། དེའི་དགེ་མཚན་བེད་སྤྱོད་བྱས་ནས་སྐྱོན་ཆ་སྔོན་འགོག་བྱེད་ཐུབ་དགོས་ལ། ཞིང་ལས་འགྱིག་ཤོག་རྙིང་རུལ་ཕྱིར་བསྡུའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་ལ་ཁ་གཏད་འཇལ་ཐུབ་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་དངོས་འབེབས་དང་། ལས་འགན་གཏན་འཁེལ་གསལ་བོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ལས་ཞིང་ལས་འགྱིག་ཤོག་ཕྱིར་བསྡུ་བཀོལ་སྤྱོད་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་དགོས། ཚད་མཐའ་གསལ་བོར་རྟོགས་དགོས་ལ། འབྲེལ་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་གྱི་རྒྱབ་སྐྱོར་དང་སློབ་གསོའི་ཁྲིད་སྟོན་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་འགྱིག་ཤོག་རྙིང་རུལ་ཕྱིར་བསྡུའི་བྱ་བར་མཉམ་དུ་དོ་སྣང་དང་སེམས་ཁུར་བྱེད་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་མཐུན་སྦྱོར་ལ་སྐུལ་འདེད་དང་། བྱ་བའི་མཉམ་ཤུགས་ཆགས་པར་བྱས་ཏེ། ཞིང་ལས་འགྱིག་ཤོག་རྙིང་རུལ་ཕྱིར་བསྡུ་དགོས་པ་ཚང་མ་ཕྱིར་བསྡུས་ནས་དུས་ལྟར་ཡོངས་འགྲུབ་བྱེད་པར་བརྩོན་དགོས། ཁྲིམས་ལྟར་བྱ་བ་བསྒྲུབ་པ་རྒྱུན་འཁྱོངས་དང་། འགན་འཁྲི་དོན་འཁྱོལ་བྱས་པ་གནད་འཁེལ་མིན་པ་སོགས་ཀྱི་གནས་ཚུལ་ལ་བདའ་འདེད་དང་འདྲི་རྩད་ནན་མོ་བྱེད་དགོས། ཡུལ་བབ་ནས་བསྟུན་ནས། སྔོན་ཐོན་ཞིང་ལས་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་གཏོང་དགོས། དེ་དང་ཆབས་ཅིག གཅིག་ཤེས་ཀུན་གྲོལ་བྱས་ཏེ། ཞིང་ལས་ཀྱི་སྦགས་བཙོག་གི་འགོ་ཁུངས་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་ལེགས་པོ་དང་། ཞིང་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཅས་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།