ལུའོ་ཏུང་ཁྲོན་གྱིས་ས་གཤིས་གནོད་འཚེ་འགོག་བཅོས་དང་ཞོད་འགོག་ལས་དོན་དམ་འཛིན་ལྷོད་མེད་བསྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་བཅས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་དུ་ས་གཤིས་གནོད་འཚེ་འགོག་བཅོས་དང་ཞོད་འགོག་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མི་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། ས་གཤིས་གནོད་འཚེ་འགོག་བཅོས་དང་ཞོད་འགོག་ལས་དོན་དམ་འཛིན་ལྷོད་མེད་ཀྱི་སྒོ་ནས་ཡག་པོར་བསྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་བཅས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་སྔ་ཕྱིར་དུ་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གཤོང་ཤན་བོད་རིགས་ཡུལ་ཚོའི་ལོག་མ་སྡེ་བའི་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་ཁུལ་དང་། གཤོང་ཤན་ཡུལ་ཚོའི་རྡོ་ཕུང་སྡེ་བ། ཟི་ལིང་གྲོང་ཁྱེར་ཧོར་གྲོང་ཁུལ་ཐེན་ཅ་ཀྲེ་གྲོང་རྡལ་མ་ཁྲང་ཀིའུ་སྡེ་བ་བཅས་ཀྱི་རི་ཉིལ་ས་གཤིས་གནོད་འཚེ་ཐེབས་སར་སོང་སྟེ། གནས་སྤོ་བཀོད་སྒྲིག་གི་ཁང་པ་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་ཆས་སྡེབ་སྒྲིག མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཡུལ་དངོས་ནས་ཆར་བབས་པ་ལས་ས་གཤིས་གནོད་འཚེ་བྱུང་སར་ལྟ་ཞིབ་བྱས་ཏེ། གནོད་འཚེ་ལྟ་ཞིབ་སྔོན་བརྡ་དང་། རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་། མང་ཚོགས་ཉེན་གཡོལ་གནས་སྤོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ལུའོ་ཏུང་ཁྲོན་གྱིས་ས་གཤིས་གནོད་འཚེ་འགོག་བཅོས་བྱ་བ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པས། རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཐོང་ཆེན་ཚད་མེད་དང་། འགན་འཁྲི་ནན་དཀྲི། རྩ་འཛུགས་ཞིབ་ཚགས་བཅས་བྱས་ཏེ། ས་ཁུལ་གཙོ་བོ་དམིགས་སུ་བཟུང་སྟེ་ཉེན་ཁར་ཞིབ་བཤེར་དང་། ལྟ་ཞིབ་སྔོན་བརྡ། འཕྲལ་བསྟུན་དང་ལེན་བཅས་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཚོགས་ཁག་རང་བཞིན་གྱི་འགོག་སྲུང་འགོག་བཅོས་གཏིང་ཟབ་ཏུ་གཏོང་བ། ཡུལ་བབ་དང་བསྟུན་ནས་གནས་སྤོ་བཀོད་སྒྲིག་དང་ཉེན་གཡོལ་བཀོད་སྒྲིག་བྱ་བ་ལེགས་པོར་བསྒྲུབ་ནས། ཞོད་འགོག་གི་བདེ་འཇགས་ཚད་ཐིག་དམ་པོར་སྲུང་དགོས་ཞེས་བསྟན།

རྟོག་ཞིབ་བྱེད་སྐབས། ལུའོ་ཏུང་ཁྲོན་གྱིས་སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་འགོ་འཛིན་བྱས་ཏེ་གྲོས་ཚོགས་བསྡུས་ཤིང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་སྙན་ཞུར་ཉན་ཞིང་། ས་གཤིས་གནོད་འཚེ་འགོག་བཅོས་དང་ཞོད་འགོག་བྱ་བར་ཡང་བསྐྱར་ཞིབ་སྡུར་དང་བཀོད་སྒྲིག་བྱས། ལུའོ་ཏུང་ཁྲོན་གྱིས་གནམ་གཤིས་སྡེ་ཁག་གི་སྔོག་དཔག་ལྟར་ན། ཉེ་ལམ་རང་ཞིང་གི་ས་ཁུལ་མང་ཆེ་བར་ཆར་འབབ་རྒྱུ་ཡིན་པ་དང་། ཉེ་སྔོན་གྱི་ཆར་ཆུ་མང་བའི་ས་ཁུལ་ཡང་བསྐྱར་ཆར་འབབ་པའི་གནས་ཚུལ་ལ་འཕྲད་ཡོད་པས། རི་ཉིལ་བ་དང་ས་རྡིབ་པ། འདམ་རུད་སོགས་ས་གཤིས་གནོད་འཚེ་འབྱུང་སླ་བས་ཞིང་ཆེན་ཡོངས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་གནས་བབ་སྔར་བཞིན་ཛ་དྲག་གི་གནས་སུ་ལྷུང་ཡོད། རྣམ་གཡེང་དང་ལྷོད་གཡེང་གི་སེམས་ཁམས་གཏན་འགོག་བྱས་ཏེ། ས་གཤིས་གནོད་འཚེ་འགོག་སྲུང་བྱ་བ་ཞོད་འགོག་བྱ་བའི་ཁྲོད་ཀྱི་གལ་འགངས་ཆེ་ཤས་སུ་བརྩིས་ནས། ཐོག་མཐའ་བར་གསུམ་དུ་འགོག་སྲུང་དང་ཁ་གཏད་འཇལ་བའི་བྱེད་ཐབས་ཁག་སོ་སོ་གཟབ་ནན་གྱི་སྒོ་ནས་དངོས་འབེབས་བྱེད་དགོས། མི་མང་འདུས་སྡོད་ཁུལ་དང་། འགྲིམ་འགྲུལ་ཡན་ལག་ལམ་ཐིག བཟོ་སྐྲུན་འཛུགས་སྐྲུན་ཁུལ་སོགས་ས་ཁུལ་དམིགས་སུ་བཟུང་སྟེ། ཉེན་ཁ་དང་རྐྱེན་ངན་ཞིབ་བཤེར་ཐག་གཅོད་ནུས་ཚད་ཇེ་ཆེར་གཏོང་དགོས། གནམ་གཤིས་དང་རང་བྱུང་ཐོན་ཁུངས། འཕྲལ་བསྟུན། ཆུ་བེད་སོགས་སྡེ་ཁག་གིས་མཉམ་དུ་གྲོས་མོལ་བརྡར་གཅོད་བྱེད་པར་ཤུགས་བསྣན་ཏེ། “མིས་འགོག་པ་དང་ཚན་རྩལ་གྱིས་འགོག་པའི“བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྔོན་བརྡའི་ཆ་འཕྲིན་གནད་འཁེལ་སྒོས་ཁྱབ་སྒྲོག ལས་རེས་ལས་སྲུང་ཤུགས་དྲག་ཏུ་གཏོང་བ་བཅས་ཀྱི་སྒོ་ནས“དང་ལེན“དང་“གསལ་འདེབས“རྐྱེན་སྲོལ་དངོས་འབེབས་བྱས་ནས། ཞོད་འགོག་གནོད་སྐྱོབ་ཀྱི་ཕྱོགས་བསྡུས་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝང་ཝེ་ཏུང་འབྲེལ་ཡོད་བྱེད་སྒོར་ཞུགས། ལིའུ་ཐའོ་ལྟ་སྐུལ་མཛུབ་སྟོན་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།