མཚོ་བྱང་ཁུལ་གྱི་མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

གཅིག མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ། (ཟླ9པའི་ཚེས1ཉིན་ནས་ཟླ9པའི་ཚེས7ཉིན་བར།)

སྔོན་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིར་ཆར་ཆུ་མང་བའི་གནམ་གཤིས་འབྱུང་རྒྱུ་རེད། ཞིབ་ཕྲའི་སྔོན་བརྡ་གཤམ་གསལ་ལྟར། 

ཟླ9པའི་ཚེས1ཉིན། ཁུལ་ཡོངས་ལ་ཆར་འབྲིང་ཙམ་འབབ་རྒྱུ་རེད། དེའི་ནང་མདའ་བཞི་དང(དཔལ་སྦྱིན་སོག་རིགས་ཡུལ་ཚོ་དང་གསེར་ཐང་ཡུལ་ཚོ།)རྐང་ཚ(སྐྱིད་སྨོན་ཡུལ་ཚོ་དང་མཚོ་འཁྱིལ་ཡུལ་ཚོ།) འཇུ་ལག(རྡོ་སྔོན་ལ་ཁ་གྲོང་རྡལ་དང་སྲིབ་ཞིང་ཡུལ་ཚོ། འབྲུ་གུ་ཡུལ་ཚོ། སེམས་ཉིད་ཡུལ་ཚོ།)བཅས་ལ་ཆར་ཆེན་འབབ་རྒྱུ་རེད། མཚོ་འཕགས་མཐོ་བའི་ས་ཁུལ་ལ་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་རེད། 

ཟླ9པའི་ཚེས2ཉིན། ཁུལ་ཡོངས་ལ་ཁ་ཐོར་རང་བཞིན་གྱི་ཐོལ་ཆར་འབབ་རྒྱུ་རེད། 

ཟླ9པའི་ཚེས3ཉིན་ནས་ཚེས4ཉིན་བར། ཁུལ་ཡོངས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།

ཟླ9པའི་ཚེས5ཉིན་ནས་ཚེས6ཉིན་བར། ཁུལ་ཡོངས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་ཡིན་ཞིང་། ཕྱི་དྲོར་ཁ་ཐོར་རང་བཞིན་གྱི་ཐོལ་ཆར་འབབ་རྒྱུ་རེད།

ཟླ9པའི་ཚེས7ཉིན། ཁུལ་ཡོངས་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།

གཉིས། འགོག་སྲུང་དང་ཕྱོགས་སྟོན། 

1.གཟའ་འཁོར་འདིར་དུས་ཐུང་གི་དྲག་ཆར་དང་ཐོག་རྒྱག་རླུང་གཡུག སེར་བ་འབབ་པ་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱིས་ཞིང་ཕྱུགས་ལས་དང་འགྲིམ་འགྲུལ། སྤྱི་དམངས་འགྲོ་སྐྱོད་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སྔོན་འགོག་བྱ་རྒྱུར་དོ་སྣང་བྱ་དགོས།

2.དུས་མགོར་ཆར་ཆུ་བབས་པ་ཅུང་མང་བར་མ་ཟད་ཆར་ཆུ་འབབ་ཁུལ་ཡང་གནས་གཅིག་ལ་འཁེལ་འདུག དེའི་ཁར་མཚོ་བྱང་གི་ས་གཤིས་སྲ་ཚད་ཅུང་དམའ་བས་དུས་ཐུང་ནང་དྲག་ཆར་བབས་པ་ལས་བྱུང་བའི་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཆུ་འཁྱིལ་བ། ཆུ་བོ་ཆུང་འབྲིང་བྲུག་པ་སོགས་ཀྱི་ཞོར་ཐོན་གནོད་འཚེའི་ཉེན་ཁ་གཙོ་གནད་དུ་བཟུང་ནས་སྔོན་འགོག་བྱེད་དགོས།

3.མཚོ་བྱང་ཁུལ་གྱི་མཚོ་འཕགས་མཐོ་བའི་ལམ་ངོས་སུ་ཁ་བ་བབས་ནས་བགྲོད་ལམ་རློན་ཤུད་ཆེ་བ་དང་མཐོང་ཚད་ཅུང་དམའ་བས་འགྲོ་འོང་བྱེད་པའི་རླངས་འཁོར་གྱིས་སྔོན་ལ་བགྲོད་ལམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་བདེ་འཇགས་མྱུར་ཚད་དང་བར་ཐག་རྒྱུན་འཁྱོངས་བྱས་ཏེ་གཟབ་ནན་གྱིས་རླངས་འཁོར་བསྐོར་རྒྱུ་གལ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།