མཚོ་སྔོན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པས་ས་མཐོར་ཆེད་ལས་ཀྱི་རྩལ་ནུས་ངོམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

     མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་པའི་རོང་པོ་མཚོ་དེ་ཆ་སྙོམས་ས་བབ་སྨི4200ལྷག་ཙམ་ན་ཆགས་ཡོད་ཅིང་།  རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་ན་ཡོད་པ་དང་། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ས་མཐོའི་འདམ་རའི་གྲས་ཤིག་རེད། 2023ལོར་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་བྱང་ནང་བཅུག །

     མཚོ་སྔོན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཆིང་མིན་གྱིས་འདི་སྐད།“རོང་པོ་མཚོར་ས་མཐོའི་མཚེའུ་དང་། བརླན་ས་དང་དེ་བཞིན་སྤང་ལྗོངས་སོགས་སྐྱེ་དངོས་སྣ་མང་ཅན་གྱི་སྐྱེ་ཁམས་མ་ལག་ཡོད་པ་དང་། ས་ཁོངས་སུ་ད་དུང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཡོད་པས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལ་རིན་ཐང་ཆེན་པོ་ལྡན། ད་ཐེངས་ཁོང་དང་ཁོའི་ཚོགས་པས་ཟི་ལིང་ནས་རླངས་འཁོར་ནང་ཆུ་ཚོད12རིང་བསྡད་དེ། ཆེད་མངག་རོང་པོ་མཚོའི་འདམ་རར་སྐྱེ་ཁམས་ཀྱི་ས་ངོས་ལྟ་ཞིབ་ཚད་ལེན་དུ་བསྐྱོད་པ་ཡིན”ཟེར།

     ཞུས་ཆིང་མིན་གྱིས་སྔོ་ཁེབས་ཀྱི་གྲུབ་ཚུལ་དང་ཁྱབ་ཚད་དབྱེ་ཞིབ་དང་། ས་འོག་དང་ས་ངོས་ཀྱི་སྐྱེ་དངོས་འབོར་ཚད་ལྟ་ཞིབ་ཚད་ལེན། ས་རྒྱུའི་གཞི་རྐྱེན་དབྱེ་ཞིབ། དངོས་རིགས་ཆོད་སྡོམ་བྱེད་པ་ལ་སོགས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ནི་རྙོག་འཛིང་ཆེ་ལ་ཆེད་ལས་རང་བཞིན་ཆེན་པོ་ཡོད་པའི་ལས་དོན་ཞིག་ཡིན་པས་ངང་རིང་དང་ཞིབ་ཚགས་པོ་བྱེད་དགོས་ཞེས་ངོ་སྤྲོད་བྱས།

     ཞུས་ཆིང་མིན་ནི་ཧྲན་ཏུང་ཞིང་ཆེན་དུ་སྐྱེས་པ་དང་2001ལོར་མཚོ་སྔོན་སློབ་ཆེན་ཁོར་ཡུག་ཚན་རིག་ཆེད་ལས་ནས་སློབ་གྲྭ་འགྲིམས་རྗེས། སླར་ཡང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སྐྱེ་ཁམས་རིག་པའི་རབ་འབྱམས་པ་འགྲིམས་ཏེ་སློབ་མཐར་ཕྱིན་རྗེས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་སླེབས་ནས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ལ་གཞོལ།

     ཁོང་གི་ཕྱག་ལས་གནང་སའི་ལས་ཁུངས་ཏེ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ནི1984ལོར་བཙུགས་ཤིང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་འཁོར་རྒྱུག་འགན་སྲུང་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྤུས་ཚད་དོ་དམ་མ་ལག་འཛུགས་སྐྱོང་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་ལ།  མིག་སྔར་ལྟེ་གནས་དེའི་ལས་བཟོ་བ་ཕྱེད་ཀ་ཙམ“དགུ་བཅུ་ནང་སྐྱེས”ཡིན་པ་རེད།

     ད་ལོ་ལོ་29ལ་སླེབས་པའི་ཞུས་ཝུན་ཐིང་ནི་ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་དང་ནུབ་བྱང་དགེ་འོས་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས་པའི་རང་བྱུང་ས་ཁམས་རིག་པའི་ཆེད་ལས་འབུམ་རམས་སློབ་མ་ཞིག་ཡིན་ཞིང་། ན་ནིང་ཟླ་བཅུ་པར་ཤེས་ལྡན་པ་ནང་འདྲེན་བྱེད་སྐབས་ཁོང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ལས་ཀར་འོང་ནས་ལོ་གཅིག་མ་འགོར་བར་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་གནས་བབ་དུས་བཀག་ལྟར་དཔྱད་དཔོག་དང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ས་ཁོངས་ཀྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་སོགས་ཀྱི་གཙོ་གནད་ལས་དོན་ནང་སྔ་རྗེས་སུ་ཞུགས་པ་རེད།

      སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཕུད་ཞུས་ཆིང་མིན་དང་ཁོང་གི་ཚོགས་པས་ད་དུང་ལས་འགན་གལ་ཆེན་གཞན་ཞིག་སྒྲུབ་དགོས་པ་དེ་ནི་སྐྱེ་ཁམས་ཁྲིམས་འཛུགས་ལས་དོན་སྤེལ་རྒྱུ་དེ་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁོང་གིས་དེ་སྔ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ཁྲིམས་འཛུགས་གྲོས་འགོ་བསྡུ་ལེན་གྱི་ལས་དོན་ནང་ཞུགས་མྱོང་ཡོད།

     ཞུས་ཆིང་མིན་གྱིས་འདི་སྐད། “མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་ལ་གལ་འགངས་ཀྱང་ཆེན་པོ་ཡོད་མོད། འོན་ཀྱང་ང་ཚོས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་སྐབས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་དང་ནུས་པ་ཅུང་ཞན་པ་ཤེས་རྟོགས་བྱུང་། དེར་བརྟེན་ང་ཚོས་འབྲེལ་ཡོད་སྡེ་ཚན་ལ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་དུས་མཚུངས་འབྲེལ་ཡོད་སྡེ་ཚན་གྱི་སྐྱེ་ཁམས་གྲངས་གཞི་མཉམ་སྤྱོད་བྱ་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་ཡིན”། ཁོང་གིས་འབྲེལ་ཡོད་གྲོས་འགོ་དེ་དག་དང་ལེན་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ནང་བཅུག་པ་རེད་ཅེས་ངོ་སྤྲོད་བྱས།

      མིག་སྔར་ཞུས་ཆིང་མིན་གྱི་དཔུང་ཁག་ལ་སླར་ཡང་དམིགས་ཚད་གསར་པ་ཞིག་ཡོད་དེ། ཞུས་ཆིང་མིན་གྱིས་འདི་སྐད། “འབྲེལ་ཡོད་མཐོ་སློབ་དང་ཚན་ཞིབ་ལས་ཁུངས་དང་མཉམ་ལས་བྱས་པ་བརྒྱུད་ང་ཚོས་དུས་ཐུང་ནང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་རང་འགུལ་ཅན་མངོན་འགྱུར་ཐུབ་རེ་ཡོད། སྐབས་དེ་དུས་ས་རྒྱུ་དང་ཆུ་སོགས་སྐྱེ་ཁམས་རྒྱུ་རྐྱེན་གྱི་མ་དཔེ་དེ་དག་དབྱེ་ཞིབ་དཔྱད་ཆས་ནང་བླུགས་ཚེ། གྲངས་གཞི་དོ་དམ་མ་ལག་གིས་རང་འགུལ་ངང་དབྱེ་ཞིབ་བྱས་འབྲས་བཟོ་ཐུབ་ནས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་འཇལ་ལས་དོན་དེ་བས་གནད་སྨིན་ནུས་ཆེ་ཡོང་ཐུབ”ཅེས་བཤད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།