མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་སྒྲིག་འཛུགས་གི་སྒོ་ནས་ཀྲུང་གོའི་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པར་ཞུགས་འཆར་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པ་དེ་ཟླ9པའི་ཚེས8ཉིན་ནས་ཚེས11ཉིན་བར་ཧྥུའུ་ཅན་ཞིང་ཆེན་ཞཱ་མོན་གྲོང་ཁྱེར་དུ་འཚོགས་རྒྱུ་རེད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་བཙུགས་ནས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུར་ཞུགས་རྒྱུ་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་གཙོ་བོའི་འོས་སྦྱོར་ཚོགས་འདུ་བསྡུས་ནས། ཕྱོགས་ཡོངས་ནས་རང་ཞིང་གི་ཐོན་ཁུངས་དགེ་མཚན་དང་ཐོན་ལས་ཀྱི་ཁྱད་ཆོས་འོས་སྦྱོར་དང་འགྲེམ་སྟོན་བྱ་རྒྱུ་རེད། 

མཚོ་སྔོན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་བརྗེ་རེས་མཉམ་ལས་ལ་སྔར་ལས་སྐུལ་འདེད་དང་།  དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུའི་ཕྱོགས་ཕན་ཚུན་གྱི་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་སྟེགས་བུའི་དགེ་མཚན་ལེགས་པར་འདོན་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་འགྲེམ་སྟོན་དང་དྲིལ་སྒྲོག་འོས་སྦྱོར། མཉམ་ལས་བརྗེ་རེས་སོགས་གཞི་གཅིག་ཏུ་འདུས་པའི་སྤུས་ལེགས་སྟེགས་བུ་ཞིག་བསྐྲུན་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་དང་ཐོན་ལས“གནས་བཞི“འཛུགས་སྐྲུན། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་པའི་གྲུབ་འབྲས་མངོན་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག“མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱོགས་གཉིས་དངུལ་གཏོང་དང་ཟོག་དངོས་ཉོ་ཚོང་སོགས་ཕྱོགས་ཀྱི་མཉམ་ལས་ཀྱི་གོ་སྐབས་གསར་བ་རྒྱ་བསྐྱེད་དེ། ཐོན་ལས་དང་རྒྱལ་ཕྱིའི་ཐོན་རྫས་དང་འདོན་སྤྲོད་ཕྲེང་སྦྲེལ་བར་ནུས་ལྡན་སྒོས་སྦྲེལ་པར་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་ཆབས་ཅིག ཞིང་ཆེན་ནང་ཁུལ་གྱི་ཁེ་ལས42རྩ་འཛུགས་བྱས་ཏེ། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། སྒྲིག་ཆས་བཟོ་སྐྲུན། ཚྭ་མཚོའི་ཞིབ་ཕྲའི་རྫས་འགྱུར་བཟོ་རྩལ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བཅས་རིགས་ཆེན་པོ་ལྔའི་ཁྱད་ལྡན་ཐོན་རྫས་རིགས80ལྷག་འགྲེམ་སྟོན་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།