མཚོ་སྔོན་གྱིས2025ལོའི་རྫུན་ལྷད་ཞན་གསུམ་འདྲེས་པའི་ཚོང་ཟོག་གཅིག་གྱུར་གྱིས་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། རྫུན་ལྷད་ཞན་གསུམ་ཚོང་ཟོག་ལ་རྡུང་རྡེག་གཏོང་བའི་ལས་ཀའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་འཛད་སྤྱོད་པའི་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར། ཞིང་ཆེན་ཁྲིམས་མཐུན་ཁེ་དབང་ཁྲོམ་ར་ཅུའུ་ཡིས་སྤུས་ཚད་མཐོ་བའི་ཞིང་ཆེན་འཛུགས་སྐྲུན་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཐོག་མཐུན་སྦྱོར་ཀྱི་ཚོ་ཆུང་ཚན་པ་ཁག་ལ་འགོ་ཁྲིད་སྐུལ་འདེད་བཏང་སྟེ། 2025ལོའི་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་ལ་གནོད་པའི་ཚོང་ཟོག་རྫུན་མ་གཅིག་གྱུར་གྱིས་མེད་པར་བཟོ་བའི་བྱེད་སྒོ་སྒྲིག་འཛུགས་ཐོག་སྤེལ་བ་རེད།

ཚོང་ཟོང་རྫུན་མ་མེད་པར་བཟོ་བའི་བྱེད་སྒོ་ཡིས“ཁྲིམས་ལྟར་ཐག་གཅོད་དང་། མེད་པར་བཟོ་དགོས་པ་ཚང་མ་མེད་པར་གཏོང་བ། གནོད་མེད་ཅན་གྱི་ཐག་གཅོད”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སྤྱི་བདེ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་རྩད་ཆོད་བྱས་པའི་དབང་གནོད་དངོས་ཟོག་རྫུན་མ་ཏུན90ལྷག་མེད་པར་བཟོས་པ་དང་། དེའི་ནང་བཟའ་ཆས་ཟས་རིགས་དང་། ཉིན་རེའི་མཁོ་ཆས། ཁྲིམས་འགལ་གྱིས་དཔེ་སྐྲུན་བྱས་པའི་དཔེ་ཆ། སྒྲ་བཪྙན་ཐོན་རྫས་སོགས་ཚུད་ཡོད་པ་དང་། རིན་ཐང་སྒོར་ཁྲི300ཟིན་པ་རེད། ཐེངས་འདིའི་བྱེད་སྒོ་ཡིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་ཚད་གཞིར་གཞིར་བཟུང་ནས་ཆེད་ལས་ལས་ཁུངས་ལ་མངགས་བཅོལ་བྱས་ཏེ། ཆག་གྲུམ་དང་།བཤིག་པ།མེར་བསྲེགས་པ་སོགས་ཚན་རིག་དང་མཐུན་པའི་གནོད་མེད་ཅན་གྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱས་ཏེ། སྦགས་བཙོག་ཐེངས་གཉིས་པ་གཏན་འགོག་བྱས་ནས་ཐག་གཅོད་བརྒྱུད་རིམ་བདེ་འཇགས་ཡིན་པ་དང་ཁོར་ཡུག་སྲུང་སྐྱོང་འགན་ལེན་བྱས། དེ་དང་ཆབས་ཅིག་ཏུ། ཐག་གཅོད་བརྒྱུད་རིམ་ཧྲིལ་པོ་བརྙན་ཕབ་ལེན་བྱས་པ་མ་ཟད་སྨྱན་སྦྱོར་དང་དེ་བཞིན་མང་ཚོགས་ཀྱི་འཐུས་མིའི་ལྟ་སྐུལ་གདན་འདྲེན་ཞུས། སྲིད་གཞུང་སྡེ་ཁག་གིས་རྫུན་བཟོ་དབང་གནོད་མཐའ་གཅིག་ཏུ་བྱས་ཏེ། འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ལ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་པས། ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་ལ་འཇིགས་སྐུལ་ནུས་ལྡན་བྱུང་ཡོད།

ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་ལ་གནོད་པའི་དབང་གནོད་རྫུན་ལྷད་ཞན་གསུམ་ཅན་གྱི་ཚོང་ཟོག་མེད་པར་བཟོ་བའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་སྟེ།  ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་དང་མཉམ་འབྲེལ་ཐོག་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་དང་། ཆེད་དོན་བཅོས་སྐྱོང་། སྐབས་བསྟུན་ཞིབ་བཤེར། ཁུངས་སྣེ་འཚོལ་བཤེར་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འཛད་སྤྱོད་པའི་ཁེ་དབང་ལ་དབང་གནོད་པའི་རྫུན་ལྷད་ཞན་གསུམ་ཅན་གྱི་ཚོང་ཟོག་བཅོས་སྐྱོང་ལས་དོན་གཏིང་ཟབ་ཏུ་བཏང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་ལོ་འཁོར་འདིར་བསྡོམས་པའི་དབང་གནོད་གྱི་ཚོང་ཟོག་རྫུན་མ་རིགས་ཆེ་གྲས10ཡི་སྣ་ཁ79མེད་པར་བཟོས་པ་དང་། དངོས་ཟོག་རིན་ཐང་བསྡོམས་འབོར་སྒོར་ཁྲི780ཟིན་ནས་ཁྲོམ་རའི་ཁོར་ཡུག་རྒྱུན་མཐུད་ངང་གཙང་སེལ་ཐུབ་ཡོད་དོ། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།