མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁེར་རྐྱང་ནད་ཡོད་པའི་བྱིས་པར་གཅེས་སྐྱོང་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ལས་ཞུགས་མི་སྣའི་ལས་སྒོའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཟླ8པའི་ཚེས29ཉིན་ནས་ཚེས30ཉིན་བར་ཟི་ལིང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི《ཟི་ལིང་གྲོང་ཁྱེར་ཁེར་རྐྱང་ནད་ཡོད་པའི་བྱིས་པར་གཅེས་སྐྱོང་སྐུལ་འདེད་བྱ་སྤྱོད(2025ལོ་ནས2028ལོ་བར)》གཞིར་བཟུང་སྟེ། སྐབས་དང་པོའི་ཁེར་རྐྱང་ནད་ཡོད་པའི་བྱིས་པར་གཅེས་སྐྱོང་སྐུལ་འདེད་བྱ་སྤྱོད་ཀྱི་ལས་སྒོའི་གསོ་སྦྱོང་སྒྲིག་འཛུགས་བྱས། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་མ་ལག་དང་ཁེར་རྐྱང་ནད་ཡོད་པའི་བྱིས་པའི་བདེ་ཐང་སྒྲིག་གཞི་སོགས་ཀྱི་ལས་དོན་མི་སྣ30ལྷག་ཐེངས་འདིའི་གསོ་སྦྱོང་ནང་ཞུགས།
ཐེངས་འདིའི་གསོ་སྦྱོང་དེ་ཁེར་རྐྱང་ནད་ཀྱི་ཆེད་ལས་ཁྱབ་ཁོངས་ཀྱི་ལྟེ་བའི་ཤེས་བྱར་དམིགས་ཏེ་ནང་དོན་བཀོད་སྒྲིག་ཐད་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀར་ལྟ་རྟོག་བྱ་རྒྱུ་སྟེ། ཕྱོགས་གཅིག་ནས་ཡའོ་མེ་ལིན་སོགས་ཆེད་མཁས་པ་གདན་འདྲེན་ཞུས་ནསICD-11དང་DSM-Vཁེར་རྐྱང་ནད་ཀྱི་ནད་རྟགས་བརྟག་དཔྱད་ཚད་གཞིར་གསལ་འགྲེལ་གཏིང་ཟབ་དང་། ཟི་ལིང་གྲོང་ཁྱེར་གྱི་ཁེར་རྐྱང་ནད་ཡོད་པའི་བྱིས་པར་གཅེས་སྐྱོང་སྐུལ་འདེད་བྱ་སྤྱོད་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་སློབ་མར་ལས་ཀའི་ཁ་ཕྱོགས་གསལ་པོ་བཟོ་རྒྱུ། ཕྱོགས་གཞན་ནསASDབྱིས་པའི་ཐོག་མའི་བརྟད་དཔྱད་དང་བསྐྱར་དཔྱད། CARSབརྟག་དཔྱད་ཡོ་བྱད་བཀོལ་སྤྱོད། ABCདང་M-CHATཚད་འཇལ་རེའུ་མིག་དབྱེ་ཞིབ། དེ་བཞིན་ཁེར་རྐྱང་ནད་སྨན་བཅོས་ཐབས་ཇུས། བྱིས་པའི་ལྟ་ཞིབ་བྱེད་ཐབས་སོགས་དངོས་སྦྱོང་གི་ནང་དོན་འདུ་བས། སློབ་མའི་ཆེད་ལས་རྨང་གཞི་བརྟན་པོ་ཡོང་བར་རོགས་རམ་བྱེད་ཐུབ།
གསོ་སྦྱོང་བྱེད་རིང་། སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་དཀའ་གནད་བརྟག་དཔྱད་དང་དངོས་སྦྱོང་གི་དཀའ་ངལ་སོགས་ཀྱི་ཐད་ལ་དམིགས་ནས་ཆེད་མཁས་དགེ་རྒན་དང་སྤེལ་རེས་བྱས་པ་དང་། གྱོད་དཔེ་དབྱེ་ཞིབ་དང་ལད་ཟློས་དངོས་སྦྱོང་སོགས་ཀྱི་གོ་རིམ་བརྒྱུད་ཁེར་རྐྱང་ནད་ཡོད་པའི་བྱིས་པར་དཔྱད་དཔོག་དང་ཐེ་གཏོགས་བྱེད་པའི་འགག་རྩའི་རྩལ་ནུས་ཁོང་དུ་ཆུད་པར་བྱས་ལ། ཚེས30་ཉིན་གཙོ་གཉེར་ཕྱོགས་ཀྱིས་རིགས་པའི་གཞུང་ལུགས་དང་དངོས་སྦྱོང་དཔྱད་ཞིབ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་གྲུབ་འབྲས་ལ་ཞིབ་བཤེར་བྱས་ཏེ་ཤེས་བྱ་བསྡུ་ལེན་ལ་སྐུལ་འདེད་གཏོང་རྒྱུ་རེད།
ཐེངས་འདིའི་གསོ་སྦྱོང་ནི་ཟི་ལིང་གྲོང་ཁྱེར་གྱིས་ཁེར་རྐྱང་ནད་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་ཡིན། གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསོ་སྦྱོང་རབ་དང་རིམ་པ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ཆེད་ལས་ཀྱི་ནུས་པ་སྤྲད་ནས་ཁེར་རྐྱང་ནད་ཀྱི་གཅེས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་གཏོང་བ་དང་། ཁེར་རྐྱང་ནད་ཀྱི་བྱིས་པར་གཅེས་སྐྱོང་ཞབས་ཞུའི་དྲ་བ་དམ་ཟབ་བཙུགས་པ་མ་ཟད་ད་དུང་འབྲེལ་ཡོད་བྱ་སྤྱོད་དམིགས་ཚད་མངོན་འགྱུར་ཡོང་བར་རོགས་རམ་བྱས་ནས། ཁེར་རྐྱང་ནད་ཀྱི་བྱིས་པ་དང་ཁྱིམ་ཚང་སྔར་ལས་མང་པོར་ཕན་པ་ཐོབ་རྒྱུ་རེད།