ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལིར་མཇལ་འཕྲད་གནང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ8པའི་ཚེས31ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ། ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

ཟླ8པའི་ཚེས31ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ། ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་ཚོ་ཁ་ཧྲན་ནས་མཇལ་འཛོམས་བྱུང་།  ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ཡང་བསྐྱར་ལམ་དུ་ཆས། རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་མཉམ་ལས་ཐད་མུ་མཐུད་འཕེལ་རིམ་གསར་པ་ཐོབ་ཡོད། ཀྲུང་གོ་དང་རྒྱ་གར་ནི་ཤར་ཕྱོགས་ཀྱི་གནའ་བོའི་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཆེན་པོ་གཉིས་དང་། འཛམ་གླིང་སྟེང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་ལ། འཛམ་གླིང་ལྷོ་རྒྱུད་ཀྱི་ཁོངས་ཞུགས་རྒྱལ་ཁབ་གལ་ཆེན་ཡང་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། ཁྱིམ་མཚེས་བར་མཛའ་མཐུན་ཡོང་བའི་གྲོགས་པོ་བཟང་བོ་དང་། ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བྱེད་རྒྱུ་ནི་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱི་གདམ་ག་ཡང་དག་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་རྒྱ་གར་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན།  ཕྱོགས་གཉི་གས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་དགོས།  ཐེན་ཅིན་དུ་མཇལ་འཛོམས་བྱས་པ་བརྒྱུད། སླར་ཡང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།  ཐོག་མར་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་ཕན་ཚུན་ཡིད་ཆེས་ཇེ་དམ་དུ་གཏོང་དགོས། མཉམ་ལས་གྲོགས་པོ་ཡིན་པ་ལས་འགྲན་ཡ་མིན་པ་དང་། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་པ་ལས་འཇིགས་སྐུལ་མིན་པའི་ཁ་ཕྱོགས་ཆེན་པོ་འདི་རྩ་བ་ནས་ནོར་ཡོད། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དེ་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པ་ལྟར། བརྟན་བརླིང་ངང་རྒྱང་རིང་དུ་བསྐྱོད་ཐུབ་པ་ཡིན། གཉིས་ནས་འགྲོ་འོང་དང་མཉམ་ལས་རྒྱ་བསྐྱེད་དེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཀྲུང་གོ་དང་རྒྱ་གར་གཉིས་ཀ་དར་རྒྱས་གོང་འཕེལ་གྱི་གནད་འགག་དུས་རིམ་དུ་གནས་ཡོད། འདིར་དམིགས་ཏེ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ཡར་སྐུལ། ཕན་ཚུན་གྲུབ་འབྲས་ཐོབ་པ་བཅས་བྱེད་དགོས། གསུམ་ནས་ཕན་ཚུན་གྱི་དོ་ཁུར་ལ་ལྟ་སྐྱོང་བྱས་ཏེ་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོས་ལོ་ངོ70ལྷག་གི་སྔོན་ལ་འབོད་སྐུལ་བཏང་བའི། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔར་གཅེས་སྤྲས་དང་དར་སྤེལ་གཏོང་དགོས། ཕྱོགས་གཉིས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་དགོས་པ་ལས། མཐའ་མཚམས་གནད་དོན་གྱིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་སྤྱི་ཡོངས་ལ་གནོད་པ་བྱེད་དུ་འཇུག་མི་རུང་། བཞི་ནས་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་ཀྱིས་མཉམ་དུ་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་མངོན་པར་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་འདྲིས་དང་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་པ་དང་། ལག་གདང་སྦྲེལ་ནས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཡ་གླིང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་སྲུང་སྐྱོང་ཐད་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས།

མའོ་ཏིས་ཀྱིས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཁ་ཧྲན་དུ་མཇལ་འཛོམས་བྱུང་བ་དེས་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་སླར་ཡང་ཡང་དག་པའི་ལམ་དུ་ཞུགས་འགོ་བརྩམས། མཐའ་མཚམས་སུ་ཞི་བདེ་དང་བརྟན་བརླིང་སྲུང་འཛིན་བྱས་པ་དང་། ཐད་གཏོང་གནམ་གྲུའང་མི་འགྱངས་པར་སླར་གསོ་བྱ་རྒྱུ་རེད། གྲུབ་འབྲས་འདི་དག་གིས་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་བསྐྲུན་པར་མ་ཟད། འཛམ་གླིང་ལའང་ཕན་ཐོགས་ཡོད། རྒྱ་གར་དང་ཀྲུང་གོ་ནི་གྲོགས་པོ་ཡིན་པ་ལས་དགྲ་ཟླ་མིན། མི་མཐུན་པའི་ཆ་ལས་གཅིག་མཐུན་གྱི་ཆ་མང་།  རྒྱ་གར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཕུགས་ཀྱི་ཟར་ཚད་ནས་ལྟ་བ་དང་འཕེལ་རྒྱས་གཏོང་འདོད་ཡོད། འཛམ་གླིང་དཔལ་འབྱོར་གྱི་ཆེས་ངེས་གཏན་མེད་པའི་རང་བཞིན་གྱི་གནས་བབ་འོག་ཏུ། རྒྱ་གར་དང་ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་དངོས་ཕུང་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་ཧ་ཅང་འགངས་ཆེན་ཡིན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། དྲང་སྙོམས་ལུགས་མཐུན་དང་། ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་མཐའ་མཚམས་གནད་དོན་ཐག་གཅོད་ཇུས་གཞི་ཞིག་འཚོལ་འདོད་ཡོད། རྒྱ་གར་དང་ཀྲུང་གོ་གཉིས་ཀྱིས་འཐབ་ཇུས་རང་བདག་དང་རང་ཚུགས་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཕྱོགས་གསུམ་པའི་ཤུགས་རྐྱེན་ཐེབས་མི་སྲིད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱིས་དུས་རབས21པ་དེ་དོན་དམ་པའི་ཡ་གླིང་དུས་རབས་སུ་བསྒྱུར་ངེས་ལ། ཕྱོགས་གཉི་གས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཕྱོགས་མང་རིང་ལུགས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྟེན་འབྲེལ་ཞུ། ཐེན་ཅིན་རྩེ་ཚོགས་བདེ་བླག་ངང་སྤེལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན།

ཚའེ་ཆི་དང་ཝང་དབྱི། ཁྲིན་མེན་ཨར་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།