ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་དེ། “ཧྲང་ཧའེ་སྙིང་སྟོབས”ཁྲོད་ནས་བློ་གྲོས་བསྡུ་བ་དང་། མཐུན་སྒྲིལ་མཉམ་ལས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ལག་གདང་སྦྲེལ་ནས་དེ་ལས་ཟབ་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས་ཞེས་བསྟན་ཡོད། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ཟླ8ཚེས31ཉིན་ནས་ཟླ9ཚེས1ཉིན་བར་ཐེན་ཅིན་གྲོང་ཁྱེར་དུ་འཚོགས་རྒྱུ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ཕྱི་རྒྱལ་གྱི་འགོ་ཁྲིད་ཉི་ཤུ་ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅུ་དང་ལྷན་དུ་གྲོང་ཁྱེར་འདིར་འཛོམས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁའི་ཉམས་མྱོང་ཕྱོགས་སྡོམ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་མོའི”མཉམ་ལས་ཀྱི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་ནས། དེ་ལས་ཟབ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་དམིགས་འབེན་གྱི་ཕྱོགས་སུ་གོམ་སྟོབས་ཆེན་པོས་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད།
ཟོང་སྐྱེལ་དུས་གཏན་མེ་འཁོར་རེ་རེ་ཀྲུང་གོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་གནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དཔེ་སྟོན་ཁུལ་ཆིང་ཏའོ་ཐབས་མང་མུ་འབྲེལ་སྐྱེལ་འདྲེན་ལྟེ་གནས་ནས་ཆས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཕན་ཚུན་སྦྲེལ་བཞིན་ཡོད། ལོ་ངོ་བདུན་གྱི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པའི་དཔེ་སྟོན་ཁུལ་འདིར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གྲོང་ཁྱེར20ལྷག་ལ་བསྐྱོད་པའི་རྒྱལ་མཚམས་བརྒལ་བའི་དུས་གཏན་མེ་འཁོར་ཤར་གཏོང་བྱས་ཏེ། ས་ཁུལ་གྱི་ཟོང་འགྲུལ་སྦྲེལ་ཐག་གསར་པ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འབད་པ་གནང་སྟེ། མཐའ་འཁོར་གྱི་ཕྱི་འབྲེལ་འཆར་འགོད་བཟོས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 2013ལོའི་ཚུན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་རིམ་པར་ཞུགས་ནས། ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞིར་བརྟེན་ནས“ཧྲང་ཧའེ་སྙིང་སྟོབས”ཀྱི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་། 2018ལོར། ཧོང་ཧའེ་མཚོ་འགྲམ་གྱི་ཆིང་ཏའོ་རུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་འགོ་འཛིན་མཛད་དེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས་པའི་བཞེད་དགོངས་བཏོན་པ་དང་། “མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཐུན་མོང་གི་འདུ་ཤེས”དེ་ཆིང་ཏའོ་ཡི་བསྒྲགས་གཏམ་ནང་བཀོད་དེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ཐུན་མོང་གི་ལྟ་བ་དང་འབད་འཐབ་དམིགས་འབེན་གལ་ཆེན་དུ་གྱུར། 2022ལོར། གནའ་བོའི་དར་གོས་ཚོང་ལམ་གྱི་གྲོང་ཁྱེར་གལ་ཆེན་སཱ་མཱ་འར་ཧན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁའི་ཉམས་མྱོང་སྟེ། ཆབ་སྲིད་སྟེང་ཕན་ཚུན་ལ་ཡིད་ཆེས་བྱ་རྒྱུ་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་ལས་རྒྱུན་འཁྱོངས། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས། སྒོ་འབྱེད་བསྟུན་མཁས་རྒྱུན་འཁྱོངས་དང་དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱས་ནས། དུས་རབས་ཀྱི་རྒྱབ་ལྗོངས་གསར་པའི་འོག ཁྱབ་ཁོངས་ཀྱི་མཉམ་ལས་གསར་པར་ཇི་ལྟར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ཇི་ལྟར་ལག་བསྟར་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་སྐྱོན་བྲལ་དང་དྲང་བདེན་སྒོས་ཇི་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནས་ཁ་ཕྱོགས་གསལ་བོ་བསྟན། 2024ལོར། ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་རུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། “ཧྲང་ཧའེ་ཡི་སྙིང་སྟོབས”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་ལ། ས་གནས་དེའི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ལམ་དུ་བསྐྱོད་དེ། ཐུན་མོང་ཐོག་མཐུན་སྒྲིལ་ཡིད་རྟོན་དང་ཞི་བདེ་ཞི་འཇགས། དར་རྒྱས་གོང་འཕེལ། ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་ཡོང་བ། དྲང་གཞག་དྲང་བདེན་བཅས་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་འཆར་འགོད་གསར་པ་མཉམ་དུ་འགོད་ཆེད་ཀྲུང་གོའི་བློ་གྲོས་འབུལ་དགོས་ཞེས་ནན་གྱིས་བསྟན།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ། ཡེ་འར་མེ་ཁི་པཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། གུས་པར་འོས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་“མི་སེམས་མཐུན་ན། རི་བོ་ཐའེ་ཧྲན་ཡིན་ཡང་སྒུལ་ཐུབ།“འདོད་བློ་མཐུན་ན། རི་རབ་ཀྱིས་བཅད་རུང་ཐག་ཉེ”ཞེས་པའི་གསུང་དྲངས་པར་ང་ཤིན་ཏུ་དགའ་བོ་ཡོད། ངས་བལྟས་ན“ཧྲང་ཧའེ་སྙིང་སྟོབས”ཀྱིས་ང་ཚོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཁུལ་དུ་རྒྱལ་ཁབ་ཆེན་པོ་དང་རྒྱལ་ཁབ་ཆུང་གྲས་ཀྱི་དབྱེ་བ་མེད་པ་དང་། ཁོངས་ཞུགས་རྒྱལ་ཁབ་ཚང་མ་འདྲ་མཉམ་ཡིན་པ་གསལ་བོ་བྱས་ཡོད། དེ་ནི་ཞི་བདེ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་རྩ་འཛུགས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་འགྲན་རྒོལ་མ་ཡིན་པར་འཕེལ་རྒྱས་ལ་སྐུལ་འདེད་དང་ཞི་བདེ་ལ་སྲུང་སྐྱོབ། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་མཐོར་གཏོང་འདོད་པ་རེད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ24འགོར་བའི་རིང་། ཐོག་མཐའ་བར་གསུམ་དུ“ཧྲང་ཧའེ་སྙིང་སྟོབས”རྒྱུན་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་བཏང་སྟེ། སྐྱེ་སྟོབས་ཆེན་པོ་མངོན་ཡོད་ལ། གསར་སྐྲུན་ཁོངས་ཞུགས་རྒྱལ་ཁབ6ནས་ཨེ་ཤ་ཡ་གླིང་དང་ཡོ་རོབ། ཨ་ཧྥེ་རི་ཁ་བཅས་གླིང་ཆེན་གསུམ་གྱི་རྒྱལ་ཁབ26ལ་ཁྱབ་པའི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་མོ”རུ་འཕེལ་རྒྱས་བྱུང་སྟེ། དེང་སྐབས་འཛམ་གླིང་སྟེང་ཁྱབ་རྒྱ་ཆེས་ཆེ་ཞིང་མི་འབོར་ཆེས་མང་པའི་ཁྱབ་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཏུ་གྱུར་ཡོད་པས། བདེ་འཇགས་མཉམ་སྲུང་དང་དར་རྒྱས་མཉམ་སྐུལ། དམངས་ཚིས་མཉམ་ཕན། ཁེ་ཕན་མཉམ་སྤྱོད་བཅས་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་སྟེང་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་བསྟུད་མར་ཇེ་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་ས་གནས་མཉམ་ལས་ཀྱི་གྲོས་འགོ་དང་འབྲེལ་མཐུད་གཏིང་ཟབ་བྱས་པས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ལ་ཕྱོགས་སོ་སོའི་དགོས་མཁོ་དང་མཐུན་པའི་ས་ཁོངས་མཉམ་ལས་ཀྱི་ལམ་དུ་བསྐྱོད་དེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་མིག་དཔེ་བསྟན།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཞའེ་ཨར་ཀེ·ལིས་ཡ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་རྣོ་ཁབ་ལེན་ཞིག་དང་འདྲ་བར་དངོས་སྒྲུབ་མཉམ་ལས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཕྱོགས་སོ་སོ་འགུག་བཞིན་ཡོད། ང་ཚོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཡོད་པའི་ཤུགས་རྐྱེན་དང་དབང་ཟིལ་རང་བཞིན་ལ་ཚད་མཐོའི་བསྟོད་བསྔགས་བྱེད་ཀྱིན་ཡོད། ང་ཚོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་གྲོས་རིམ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེ་ཀྲུང་གོའི་འབད་བརྩོན་ལས་བྱུང་བར་འདོད།
ཀྲུང་གོ་ནི“ཧྲང་ཧའེ་སྙིང་སྟོབས”ཀྱི་གྲོས་འགོ་འདོན་མཁན་ཡིན་པར་མ་ཟད། “ཧྲང་ཧའེ་སྙིང་སྟོབས”དར་སྤེལ་དུ་གཏོང་མཁན་ཡང་ཡིན། ན་ནིང་གི་ཟླ7པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་པའི་ཚུན་ལ། ཀྲུང་གོ་ཕྱོགས་ཀྱིས‘ཧྲང་ཧའེ་སྙིང་སྟོབས’དར་སྤེལ་གཏོང་བ་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བྱ་སྤྱོད་སྤེལ་བའི”འབོད་ཚིག་ལྟ་བུ་ཡིན་ལ། ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ100ལྷག་བདེ་བླག་ངང་སྤེལ། བདེ་འཇགས་ཁྱབ་ཁོངས་སུ་འཇིགས་རྒོལ་མཉམ་ལས་བྱས་པ་དང་། 2024ལོའི་མཉམ་འབྲེལ་འཇིགས་རྒོལ་འཁྲབ་སྦྱོང་སྤེལ་ཏེ། ཁོངས་ཞུགས་རྒྱལ་ཁབ་ཀྱི་བདེ་འཇགས་མཉམ་ལས་ལ་སྔར་ལས་ཤུགས་བསྣན། དཔལ་འབྱོར་ཉོ་འཚོང་ཐད། 2024ལོར། ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ། གླེང་མོལ་གྲོགས་པོའི་ཉོ་འཚོང་གྲངས་འབོར་བཅས་ཨ་སྒོར་ཁྲག་ཁྲིག་བརྒྱད་ཐེར་ཆེན་དགུ་ལ་བསླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་བརྒལ་ཡོད། ལས་བཟོ་བའི་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་གློག་ཚོང་ཐད་གཏོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལོ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ལྗང་མདོག་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་མཉམ་སྤྱོད། ལྗང་མདོག་ཐཱན་ཉུང་གི་ལག་རྩལ་སོགས་རྣམ་པ་མང་པོའི་གསོ་སྦྱོང་བྱེད་སྒོ་སྤེལ་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་ལ་དམིགས་ཏེ་རྙིང་འབུད་གསར་འདོན་བྱས། མི་གཞུང་གི་ངོས་ནས། སྨྱན་སྦྱོར་རིག་མཛོད་རྩེ་ཚོགས་དང་ན་གཞོན་གླེང་མོལ་སྒར་ས། གློག་བརྙན་དུས་ཆེན་སོགས་ཀྱིས་རྒྱལ་ཁབ་སོ་སོའི་མང་ཚོགས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཙའོ་ཧུང་པོ་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་པའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་དང་། བུད་མེད་གླེང་སྟེགས། དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་བཅས་ལ་ཤིས་འཕྲིན་སྤྲིངས་པ་དེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཕན་ཚུན་བར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་ཚད་མཐོའི་མཐོང་ཆེན་དང་ཐུགས་རེ་ཟབ་མོ་གནང་བ་མཚོན་ཡོད།
ད་ལོ་ནི་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ80འཁོར་བའི་ལོའང་ཡིན། འདས་ཟིན་པར་སྤྱི་བསྡོམས་དང་མ་འོངས་པར་རྒྱང་ལྟ་བྱས་ཚེ། “ཧྲང་ཧའེ་སྙིང་སྟོབས”ཀྱི་སྣེ་ཁྲིད་འོག མཐུན་སྒྲིལ་གྱི་ཐོག་མའི་སེམས་འདུན་བརྟན་སྲུང་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་མཚོ་ཆུའི་འགྲམ་ངོགས་སུ་འཛོམས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་མཉམ་དུ་འགོད་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།