ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི〈ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ〉ཞེས་པའི་པོད་ལྔ་པ་ནན་ཏན་སྒོས་སློབ་སྦྱོང་རྩ་འཛུགས་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》བརྒྱུད་སྤེལ་བྱས་པར་མ་ཟད་བརྡ་སྦྱོར་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་མོ་བྱ་དགོས་པའི་བླང་བྱ་བཏོན།
《བརྡ་ཐོ》ལས་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པ་ལས་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་ལས་འགན་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཟིན་ཐོར་བཀོད་ཡོད། “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བའི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། དེ་ལས་ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཀྱི་བློ་གྲོས་ཇུས་གཞི་གང་ལེགས་བཏོན་པ་མཚོན་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་ཟིལ་ཅན་གྱི་བརྩམས་ཆོས་ཤིག་ཡིན།
《བརྡ་ཐོ》ལས་ནན་གྱིས་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པར་སློབ་སྦྱོང་ནན་ཏན་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་ངེས་ཤེས་བསྐྱེད་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་གནང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པ་དང་། པོད་དང་པོ་ནས་བཞི་པའི་བར་ཧྲིལ་པོ་གཅིག་ཏུ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་ངེས་པར་བྱེད་པ། དོན་དངོས་སུ་སྦྱོང་བསམ་སྤྱོད་གསུམ་ལག་བསྟར་བྱེད་པ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱ་དགོས། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་སོགས་ཕྱོགས་སོ་སོའི་བྱ་བ་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྔར་བས་ལེགས་པའི་སྒོ་ནས་སྤྱད་དེ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱེད་ཅིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་གསར་གཏོད་རང་བཞིན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།