ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ལྷོད་མེད་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་དགོས་པ་བསྟན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་སྤྱོད་ཚུལ་ནི་ཏང་གི་སྣང་བརྙན་ཡིན་པ་དང་། མི་སེམས་འཁོར་ཕྱོགས་དང་འབྲེལ་བ་ཡོད་ལ།  ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་ཡོད་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དམ་འཛིན་ཡག་པོ་དང་།   སྔར་ལས་ལྷག་པའི་སྒོ་ནས་ཏང་འཛུགས་སྐྱོང་ཡག་པོ་བྱས་ཏེ། ཏང་གཤིས་གཙང་བའི་དཔུང་སྡེ་ཞིག་དང་སྒྲིག་ཁྲིམས་ནན་པའི་དཔུང་སྡེ་ཞིག་བཙུགས་ནས། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཡིད་ཕམ་དུ་མི་འཇུག་པ་དང་། མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་བདེ་བླག་ངང་ཡོངས་འགྲུབ་བྱེད་དགོས་པ་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་།  སློབ་བཤེར་བསྒྱུར་གསུམ་གཞི་གཅིག་ཏུ་སྤེལ་བ་རྒྱུན་འཁྱོངས།  གོང་འོག་བར་གསུམ་དུ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་། གཟབ་ནན་གྱི་གཞི་གདངས་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས། རྩ་འཛུགས་དང་ལག་བསྟར་དངོས་སྒྲུབ་གནད་ཁེལ་ཡོང་བ་རྒྱུན་འཁྱོངས་བཅས་བྱས་པ་དང་།  བྱ་བ་ཏན་ཏིག་སྒོས་སྤེལ་ནས་གྲུབ་འབྲས་མངོན་གསལ་བླངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “སྤྱོད་ངན་བཞིའི”གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། ངེས་པར་དུ་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་རྒྱག་པའི་ཆོད་སེམས་དང་སྙིང་རུས་ལ་བརྟེན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱ་དགོས་ལ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་དངོས་འཛིན་དོན་གཉེར་བྱས་ནས། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དགོས། སྤྱོད་ཚུལ་སློབ་གསོའི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ། གསར་དུ་བསྐོ་འཐེན་བྱས་པའི་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་འབུར་དུ་བཏོད་དགོས།  རྒྱུན་ལྡན་རང་བཞིན་གྱིས་གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དོན་དམ་པས་དག་ཐེར་དང་བཅོས་སྒྲིག་བྱེད་པ། མཐའ་གཅིག་ཏུ་དམ་འཛིན་དང་མཐའ་གཅིག་ཏུ་ནན་མོ་བྱེད་པའི་བརྡ་རྟགས་དྲག་པོ་བསྟུད་མར་གཏོང་དགོས། ལྟ་སྐུལ་སྒྲིག་བསྟར་ལ་ཤུགས་བསྣན་ནས་ཏང་རྩ་འཛུགས་ཀྱི་རྒྱུན་ལྡན་ལྟ་སྐུལ་ནན་འཛིན་བྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གནད་འགག་སྐབས་ཀྱི་སྒྲིག་འགལ་བྱ་སྤྱོད་ལ་མྱུར་བཤེར་ནན་གཅོད་བྱ་དགོས།  སྤྱོད་ཚུལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱས་ནས། འགན་འཁྲི་གཟབ་ནན་གྱིས་འཁུར་བ་དང་དོ་དམ་ནན་མོ་བྱེད་པ། སྒྲིག་སྲོལ་ནན་མོ་ལ་བརྟེན་ནས་སྤྱོད་ཚུལ་བཟང་པོ་འཛུགས་པ་དང་། ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཁག་ཁུར་བྱས་ཏེ་དམངས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱང་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚེས29ཉིན་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་སྤྱི་བསྡོམས་བྱས་ཤིང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་གྱི་བྱ་བར་སྐུལ་འདེད་གཏོང་བ་བཅས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚའེ་ཆི་ཡིས་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཞི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ནས་ཡང་བསྐྱར་མཛུབ་སྟོན་གལ་ཆེན་གནང་བ་དེས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་པ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་སྔར་བས་འགྲེལ་བཤད་ཟབ་མོ་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ལ་བླང་བྱ་གསལ་བོ་བཏོན་ཡོད་པས། ཏང་ཡོངས་ཀྱིས་དུས་རབས་གསར་པའི་འཐབ་ལམ་གསར་པའི་ཁ་ཕྱོགས་ཀྱི་ལས་འགན་དང་བསྟུན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་བར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་ཏང་ཡོངས་ཀྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།

ཚོགས་འདུ་ལས་བསྟན་དོན།  ཐེངས་འདིའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ་དང་། རྩ་འཛུགས་དང་ལག་བསྟར་ཞིབ་མོ་བྱས་ཏེ།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འབད་པས་དང་ལེན་དང་ཟབ་ཞུགས་ནན་མོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རྒྱ་ཆེར་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ། སློབ་བཤེར་བསྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། “སྤྱོད་ངན་བཞི་”ཡི་གནད་དོན་འབུར་ཐོན་དང་ཞན་ཆ་ཁ་གསབ་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལམ་ལུགས་ཀྱི་ཞན་ཆར་མཐའ་གཅིག་ཏུ་དག་ཐེར་བྱེད་པ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། སྔོན་དཔག་གི་དམིགས་ཡུལ་འགྲུབ་ཡོད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ནས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། རྒྱུན་དུ་དམ་འཛིན་དང་དམ་འཛིན་ནན་མོ་བྱེད་པ། ཡུན་རིང་དམ་འཛིན་བཅས་བྱེད་པའི་བསམ་བློའི་འདུ་ཤེས་བརྟན་པོ་འཛུགས་དགོས། བྱེད་ཐབས་སྣ་མང་ལ་བརྟེན་ནས་སྤྱོད་ཚུལ་སློབ་གསོར་ཤུགས་སྣོན་པ་དང་། ཏང་ཡོན་ལས་བྱེད་པར་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཁྲིད་སྟོན་བྱེད་པ། བསམ་བློའི་འདུ་ཤེས་བརྟན་པོར་བཙུགས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་བརྩི་སྲུང་ནན་མོ་བྱེད་པའི་གོམས་གཤིས་བཟང་པོ་རང་རྟོགས་སྒོས་ཆགས་པར་བྱེད་དགོས། སྤྱོད་ཚུལ་གྱི་གནད་དོན་རྒྱུན་མཐུད་ངང་ཡོ་བསྲང་བྱེད་པ་དང་། རྒྱུན་ལྡན་རང་བཞིན་གྱིས་སྤྱོད་ཚུལ་གནད་དོན་ཤེས་རྟོགས་དང་ཐག་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་གྱི་བརྟོལ་ཤུགས་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ། ཡུན་རིང་རྩ་བཅོས་བྱེད་དགོས་པའི་གནད་དོན་དམ་འཛིན་ལྷོད་མེད་བྱེད་པ་དང་གོམ་གང་ཡང་ཕྱི་བཤོལ་བྱེད་མི་རུང་། སྤྱོད་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་གཏིང་ཟབ་བྱས་ནས། “སྤྱོད་ངན་བཞིའི”གནད་དོན་གཙང་སེལ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ལག་བསྟར་དམ་འཛིན་ནན་མོ་བྱས་ཏེ། ལམ་ལུགས་ཀྱི་གྲུབ་འབྲས་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། དོ་དམ་ནན་མོ་དང་བཅོས་སྐྱོང་ནན་མོ་བྱ་རྒྱུར་ཤུགས་སྣོན་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་བཀོད་སྒྲིག་དང་བླང་བྱ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

ཧྲི་ཐའེ་ཧྥིན་དང་ལིས་ཧྲུའུ་ལའེ། མུའུ་ཧུང་བཅས་ཚོགས་འདུར་ཞུགས།

ཀྲུང་དབྱང་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོགས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།