ཉེ་ཆར། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར།》ཁྱབ་བསྒྲགས་བྱས།
《བསམ་འཆར》ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ནན་ཏན་སྒོས་ལག་བསྟར་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། གསར་གཏོད་དང་བདེ་སྡོད། མཛེས་སྡུག བབ་བསྟུན། དཔལ་ཡོན། རིག་ནུས་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ་དང་། བྱེད་ནུས་ཆ་ཚང་བའི་གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་གཙོ་ཐིག་ཏུ་འཛིན་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གལ་ཆེན་དུ་འཛིན་པ། གྲོང་ཁྱེར་གྱི་གྲུབ་ཚུལ་ལེགས་བསྒྱུར་དང་སྒུལ་ནུས་སྤོ་སྒྱུར། སྤུས་ཚད་མཐོར་འདེགས། ལྗང་མདོག་ཚུལ་སྒྱུར། རིག་གནས་ཀྱི་སྲོག་རྩ་རྒྱུན་འཛིན། བཅོས་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་བདེ་འཇགས་མཐའ་ཚད་བརྟན་པོར་བསྲུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པ་ཞིག་གཏོད་དགོས།
《བསམ་འཆར》ལས་བསྟན་དོན། གྲོང་ཁྱེར་འཕེལ་རྒྱས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ། མི་རྩ་བར་འཛིན་པར་སྔར་ལས་དོ་སྣང་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས། ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས། ཁྱད་ལྡན་འཕེལ་རྒྱས་ལ་སྔར་བས་མཐོང་ཆེན་བྱེད་པ། གྲོང་ཁྱེར་གྱི་བྱ་བའི་གཙོ་གནད་ལ་འགྱུར་ལྡོག་བཏང་ནས། བཅོས་སྐྱོང་ཐད་མ་དངུལ་གཏོང་བར་སྔར་བས་མཐོང་ཆེན་བྱེད་པ། གྲོང་ཁྱེར་གྱི་ལས་ཀའི་བྱེད་ཐབས་བསྒྱུར་ནས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུར་སྔར་བས་མཐོང་ཆེན་བཅས་བྱེད་དགོས།
དམིགས་འབེན་གཙོ་བོ་ནི། 2030ལོར་སླེབས་སྐབས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ལེན་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་བཏོང་བ་དང་། འཚོ་སྡོད་ཀྱི་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་གཏོང་བ། ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། བདེ་འཇགས་རྨང་གཞི་ཇེ་བརྟན་དུ་གཏོང་བ། རིག་གནས་ཀྱི་མཛེས་པ་གང་ལེགས་སྒོས་མངོན་པ་དང་། བཅོས་སྐྱོང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས། 2035ལོར་སླེབས་སྐབས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་གཞི་རྩའི་ཆ་ནས་འཛུགས་སྐྲུན་ཡོངས་འགྲུབ་བྱེད་དགོས།
《བསམ་འཆར》ལས་ད་དུང་དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ཇེ་ལེགས་སུ་གཏོང་རྒྱུ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ། སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་འཚོ་བའི་བར་སྟོང་བསྐྲུན་ཏེ། གྲོང་ཁྱེར་འཕེལ་རྒྱས་ཀྱི་ལྗང་མདོག་ཐཱན་ཉུང་རིགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་བདེ་འཇགས་མཉེན་གཤིས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ། སྒྲིག་འཛུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བླང་བྱ་བཏོན།