ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དྲན་གསོའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་ཟླ8པའི་ཚེས28ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་དང་པོ་བསྡུས་ཏེ། འབྲེལ་ཡོད་འགན་འཁུར་བས་དྲན་གསོའི་བྱེད་སྒོའི་འབྲེལ་ཡོད་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས།
ངོ་སྤྲོད་བྱས་པ་ལྟར་ན། ཕྱི་རྒྱལ་རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ26དང་། རྒྱལ་ཁབ་ཀྱི་གྲོས་དཔོན་དང་། སྲིད་གཞུང་གི་ཙུང་ལི་གཞོན་པ། མཐོ་རིམ་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ། དེ་སྔའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་བོ། ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་དང་། དྲག་དཔོན་དང་ཀྲུང་གོར་བཅའ་སྡོད་བྱེད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་ཁ་ཤས། དེ་མིན་རྒྱལ་ཁབ14ནས་ཡོང་བའི་གྲོགས་པོའམ་ཡང་ན་འདས་པོའི་ཁྱིམ་མིའི་འཐུས་མི50བཅས་དྲན་གསོའི་བྱེད་སྒོར་ཞུགས་རྒྱུ་རེད།
ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས། ཧུང་ལའེ་ཡིས་བཤད་རྒྱུར། ད་ལོའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་ནི། གཅིག་ནས་རིམ་པ་མཐོ་བ་སྟེ། ཕྱི་རྒྱལ་གྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ་མང་བ་དང་། གཉིས་ནས་མཚོན་བྱེད་རང་བཞིན་ཆེ་བ་སྟེ། ཚོགས་ཞུགས་མི་སྣ་འཛམ་གླིང་གི་གླིང་ཆེན་ལྔ་ལ་ཁྱབ་པ་དང་། གསུམ་ནས་ཟབ་ཞུགས་ཁྱབ་རྒྱ་ཆེ་བ་སྟེ། སྲིད་གཞུང་གི་མི་སྣ་ཡོད་པར་མ་ཟད། དམངས་ཁྲོད་ཀྱི་མི་སྣའང་ཡོད་ལ། རྒྱལ་སྤྱིའི་གྲོགས་པོ་མང་པོ་ཞིག་ཀྲུང་གོའི་ཁྱིམ་ཚང་ཀུན་ལ་རྒྱུས་མངའ་ཆེ་བ་ཞིག་རེད་ཟེར།
མིག་སྔར། དམག་གཟིགས་ཀྱི་ཕྱོགས་བསྡུས་ནང་སྦྱོང་ཐེངས3བྱས་པ་དང་། སྤྱི་ཡོངས་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་ལ། གཟིགས་སྐོར་དམག་དཔུང་ཡོངས་ཀྱི་སྙིང་སྟོབས་རབ་ཏུ་རྒྱས་པ་དང་། ངར་ཤུགས་མཐོ་བ། དམག་གཟིགས་གོ་མཚོན་སྒྲིག་ཆས་ཚང་མ་ཐོག་མཐའ་བར་གསུམ་དུ་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པས། དམག་གཟིགས་གྲ་སྒྲིག་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད།
དམག་གཟིགས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་དམག་ཨུའི་མཉམ་འབྲེལ་ཇུས་འདོན་པུའུ་དམག་འཐབ་ཅུས་ཀྱི་དམག་འཛིན་ཆུང་བའི་ཅུས་ཀྲང་གཞོན་པ། ཝུའུ་ཙི་ཁི་ཡིས་བཤད་རྒྱུར། ཐེངས་འདིའི་དམག་གཟིགས་ནི་དུས་རབས་གསར་པ་དང་འགྲུལ་ལམ་གསར་པར་སླེབས་པ་དང་། མི་དམངས་དམག་དཔུང་གི་ཆབ་སྲིད་དམག་འཛུགས་ཀྱི་རྣམ་པ་གསར་པ། སྟོབས་ཤུགས་གྲུབ་ཆའི་བཀོད་པ་གསར་པ། དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་གསར་པ། དམག་རྒྱག་གྲ་སྒྲིག་གི་ཕན་འབྲས་གསར་པ་བཅས་གཅིག་བསྡུས་ཀྱིས་མངོན་པ་ཞིག་རེད། དེའི་ཕྱིར། རྒྱལ་ཡོངས་མི་དམངས་དང་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་དང་། དུས་རབས་ཀྱི་ཁྱད་ཆོས་མཚོན་པ། རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་ལྡན་པ་བཅས་ཀྱི་དམག་གཟིགས་མཛད་སྒོ་གཟབ་རྒྱས་ཤིག་འབུལ་ཐུབ་ངེས་རེད་ཟེར།
པེ་ཅིན་གྲོང་ཁྱེར་ནི་དྲན་གསོའི་བྱེད་སྒོ་སྤེལ་ཡུལ་ཡིན་པའི་ཆ་ནས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བརྡར་ཞིབ་ཡང་ཡང་བྱས་པ་དང་། གཙོ་གནད་ཇུས་གཞི་ཁག35གཏན་འབེབས་བྱས་ལ། ཕྱོགས་བསྡུས་ནང་སྦྱོང་ཐེངས་གསུམ་དང་ཆེད་དོན་ནང་སྦྱོང་ཐེངས་མང་བྱས་ཏེ། གྲ་སྒྲིག་བྱ་བ་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ཡོད།
པེ་ཅིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་གྲོང་ཁྱེར་མགོ་གཙོ་གཞོན་པ། ཞཱ་ལིན་མའོ་ཡིས་བཤད་རྒྱུར། པེ་ཅིན་གྲོང་ཁྱེར་གྱིས་ཚད་གཞི་མཐོ་པོ་དང་། བླང་བྱ་ནན་མོ། བྱེད་ཐབས་ཏན་ཏིག་བཅས་ཀྱི་ཐོག་ནས་མུ་མཐུད་གྲབས་གཉེར་བྱ་བ་ཚང་མ་ཡག་པོ་བསྒྲུབ་རྒྱུ་རེད། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་བརྩོན་དང་རྒྱབ་སྐྱོར་འོག་ཏུ་ཐེངས་འདིའི་དྲན་གསོའི་བྱེད་སྒོ་ཕུན་སུམ་ཚོགས་པའི་སྒོ་ནས་ཡོངས་འགྲུབ་བྱེད་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་ཟེར།
ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགས་དེ་ཟླ9བའི་ཚེས3ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་རྒྱུ་རེད། སྐབས་དེར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་རྣམས་དང་། འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས། བློ་མཐུན་རྒན་གྲས་དང་། བྱས་རྗེས་མཚན་སྙན་ཐོབ་པའི་འཐུས་མི། གཞི་རིམ་མང་ཚོགས་ཀྱི་འཐུས་མི་སོགས་ལས་རིགས་སོ་སོའི་མི་སྣ་ཚོགས་འདུར་ཞུགས་རྒྱུ་རེད།
རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ། ལུའུ་དབྱིང་ཁྲོན་གྱིས་བཤད་རྒྱུར། རིག་རྩལ་དགོང་ཚོགས་འདི་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོའི་ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་དང་ལོ་རྒྱུས་ཀྱི་རྣམ་པ་གཙོ་བོར་བཟུང་སྟེ། ང་ཚོས་ལོ་རྒྱུས་ཀྱི་དོན་བརྗོད་ཆེན་པོའི་ཁྲོད། སྒྱུ་རྩལ་ལ་བརྟེན་ནས་འཇར་འགོག་དམག་འཁྲུག་གི་གཏམ་རྒྱུད་ཡག་པོར་བཤད་པར་བརྩོན་པ་དང་། “ཟློས་གར”གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། “ལོ་རྒྱུས་སྙན་ངག”གི་ཉམས་འགྱུར་མངོན་གང་ཐུབ་བྱེད་དགོས།